ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མངའ་རིས་ཀྱི་སློབ་མ26པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་ལ་བསྐྱོད་པ།

སྤེལ་དུས 2025-02-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན། དཔྱིད་ཚུགས་ཀྱི་འགོ་མ། སྐྱེ་དངོས་ཡོངས་སླར་གསོ་བའི་དུས་བཟང་འདིར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་དང་། རྩྭ་མདའ་རྫོང་། སྤུ་ཧྲེང་རྫོང་། རུ་ཐོག་རྫོང་བཅས་མཐའ་མཚམས་རྫོང་ཁག4ནས་ཡོང་བའི་སློབ་འབྲིང་གི་སློབ་མ26དང་སྣེ་ཁྲིད་དགེ་རྒན5མངའ་རིས་ཀྱི་སེང་གེ་ཁ་འབབ་ནས་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་དུ་ཕྱིན། ཐེངས་འདིའི་བྱེད་སྒོའི་བརྗོད་དོན་ནི“མཐའ་མཚམས་ནས་ལམ་ལ་ཆས་ཏེ་པེ་ཅིང་དུ་ཕུགས་འདུན་གཏོད”ཅེས་པ་དེ་ཡིན་ཞིང་། བྱེད་སྒོའི་གཙོ་གཉེར་གྱི་གྲས་ཏེ་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སུང་ཧྲི་ཀྲེན་ལྷ་སའི་མེ་འཁོར་འབབ་ཚུགས་སུ་ཕྲུ་གུ་ཚོ་བསྐྱལ་དུ་ཡོང་ཞིང་། ཁོང་གིས་ཕྲུ་གུ་ཚོས་ཐེངས་འདིའི་འགྲུལ་བཞུད་བདེ་བླག་དང་ཡུལ་སྐོར་ལ་གྲུབ་འབྲས་ཐོབ་པའི་སྨོན་འདུན་ཞུས། 

ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས་པའི་དགེ་སློབ་ཚོ་པེ་ཅིང་དུ་འབྱོར་བ།
      “ད་ཐེངས་ང་ཚོའི་བྱེད་སྒོ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་དེ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བར་ལྟ་བ་དང་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་པ་སོགས་ཕྲུ་གུ་ཚོའི་རྒྱལ་གཅེས་བརྩེ་སེམས་སྐུལ་སློང་བྱེད་པའི་འགྲུལ་བཞུད་ཡོད་ལ། ཆིང་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན། པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན། པེ་ཅིང་བཟོ་ལས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་བཅས་སུ་ལྟ་སྐོར་བཞུགས་མོལ་བྱེད་པའི་ནང་དོན་ཡང་ཡོད། ད་དུང་ཡོན་མིང་ཡོན་སྐྱེད་ཚལ་དང་རྒྱལ་ཁབ་ལུས་རྩལ་ཁང་། རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་བཅས་ལ་ལྟ་སྐོར་བྱེད་པའི་གནའ་དེང་ཡུལ་སྐོར་བཀོད་སྒྲིག་བྱས་ཡོད། བྱེད་སྒོའི་གཙོ་གཉེར་བའི་གྲས་ཏེ་པེ་ཅིང་དུ་བཅའ་སྡོད་བྱས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་ལས་དོན་མི་སྣས“མངའ་རིས་ཀྱི་ཕྲུ་གུ་ཚོའི་ཉམས་ལེན་ཕུན་སུམ་ཚོགས་པ་དང་མཐོང་རྒྱ་ཆེ་རུ་ཕྱིན་ནས་བརྗེད་པར་དཀའ་བའི་ཉིན་བཅུའི་འགྲུལ་བཞུད་ཡོང་བའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས།
      ཐེངས་འདིའི་བྱེད་སྒོར་ཞུགས་མཁན་ཚང་མ་ལོ13ནས15བར་གྱི་དམའ་རིམ་སློབ་འབྲིང་གི་སློབ་མ་ཡིན་ཞིང་། དེའི་ཁྲོད་དུ་མང་ཆེ་བ་པེ་ཅིང་དུ་ཡོང་བ་ཐེངས་དང་པོ་ཡིན་ལ། ཐ་ན་བོད་ལྗོངས་ནས་ཐོན་ཐེངས་ཀྱང་དང་པོ་རེད། “ང་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གཉིས་ཏེ། སློབ་ཆེན་ཆེས་ཡག་ཤོས་ལ་བལྟ་འདོད་ཡོད”ཅེས་རུ་ཐོག་རྫོང་གི་དམའ་རིམ་སློབ་འབྲིང་དང་པོའི་སློབ་མ་དབང་ལྡན་ལྷ་མོས་དགའ་ཚོར་ཆེན་པོས་བཤད། སྣེ་ཁྲིད་དགེ་རྒན་རྩྭ་མདའ་རྫོང་སློབ་གསོ་ཅུས་ཀྱི་ལས་དོན་པ་བློ་བཟང་དོན་གྲུབ་གྱིས་ཡོན་མིང་ཡོན་སྐྱེད་ཚལ་དང་ལྕགས་རི་རིང་པོར་རེ་སྒུག་ཆེན་པོ་བྱེད་བཞིན“སྔོན་ཆད་བྱིས་པ་ཚོས་ས་ཆ་དེ་དག་སློབ་དེབ་ནས་མཐོང་བ་ཙམ་རེད། ད་ལྟ་དངོས་སུ་མཐོང་ཐུབ་རྒྱུ་རེད”ཅེས་བཤད།
      བོད་ལྗོངས་ཀྱི་མཐའ་མཚམས་རྫོང་གི་སློབ་འབྲིང་སློབ་མ་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པའི་བྱེད་སྒོ་ནི་པེ་ཅིང་དུ་བཅའ་སྡོད་བྱས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་པའི་ལག་ལེན་གྱི་བྱེད་ཐབས་ཞིབ་ཕྲ་ཞིག་ཡིན་པ་དང་ད་ལོ་སྤེལ་ཐེངས་གཉིས་པ་རེད། 2024ལོའི་ཟླ2པར། གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་ནས་ཡོང་བའི་སློབ་འབྲིང་སློབ་མ22ཀྱིས་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པའི་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།