ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཁྱོད་ཀྱིས་སྲོག་ཆགས་འདི་ཚོ་མདོ་དབུས་མཐོ་སྒང་ནས་བྱུང་བ་ཤེས་སམ།

སྤེལ་དུས 2021-10-11 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། རྩོམ་པ་པོ།
འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས(冰期动物)འདི་ཚོ་
མདོ་དབུས་མཐོ་སྒང་ནས་བྱུང་བ་ཤེས་སམ།

འཁྱགས་ཀླུང་དུས་རབས། པར་རིས་དྲ་བ་ལས་དྲངས།
          ཁྱོད་ཀྱིས《འཁྱགས་ཀླུང་དུས་རབས(冰河世纪)》ཞེས་པའི་འགུལ་རིས་གློག་བརྙན་དེ་ལ་བལྟས་མྱོང་ངམ། དེའི་ནང་གི་གླང་རྒོད(猛犸象)དང་གསའ་སོགས་ཀྱི་སྤྱོད་ཚུལ་གྱིས་ཡིད་དབང་ཕྲོགས་སོང་ངམ། དོན་ངོ་མར་བཤད་ན། སྲོག་ཆགས་དེ་ཚོ་ལའང“འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས”ཞེས་པའི་ཐུན་མོང་གི་མིང་ཞིག་ཡོད།

པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          1859ལོར་པར་སྐྲུན་བྱས་པའི《དངོས་རིགས་ཀྱི་འབྱུང་ཁུངས(物种起源)》ཞེས་པ་རུ། ཏ་ཨར་ཝིན(达尔文)གྱིས་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས་ནི་སའི་གོ་ལའི་བྱང་སྣེ་ནས་བྱུང་བར་འདོད་པ་རེད། ཡིན་ནའང་། དེ་འདྲ་ཞིག་ཡིན་ནམ་ཞེ་ན། དོན་དངོས་སུ་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས་མང་པོ་ནི་མདོ་དབུས་མཐོ་སྒང་ནས་བྱུང་བ་རེད།
          གཅིག བསེ་རྒོད།(披毛犀)

པར་རིས་ཀྲུང་གོའི་གནའ་བོའི་སྲོག་ཆགས་བཤམས་སྟོན་ཁང་ལས་དྲངས།
          བསེ་རྒོད་ནི་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས“སྐད་གྲགས་ཅན”ཞིག་ཡིན་ལ། ལྷག་པར་དུ་དེའི་ཐུན་མོང་མ་ཡིན་པའི་གཟུགས་དབྱིབས་ལ་དགའ་མོས་བྱེད་པའི་མི་ཤིན་ཏུ་མང་། དེའི་མ་ཟད། བསེ་རྒོད་འདི་ནི་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས་ཁྱུ་ཡི་ཁྲོད་ཀྱི་ཆེས་འཐུས་ཚབ་རང་བཞིན་གྱི་སྲོག་ཆགས་ཤིག་ཀྱང་ཡིན།
          ཚན་རིག་པས་བོད་ལྗོངས་རྩ་མདའི་གཞོང་ས་ཡི་ལོ་ཁྲི་བརྒྱ་ལྷག་གི་སྔོན་གྱི་ས་རིམ་ཁྲོད་ནས་ཆེས་སྔ་བའི་བསེ་རྒོད་རྙེད་པ་དང་། འཚོ་གནས་ཀྱི་དུས་ཚོད་ནི་ཕལ་ཆེར་ལོ་ཁྲི370ཙམ་གྱི་ཡར་སྔོན་ཡིན་པ་རེད།

པར་རིས་ཚན་སྤེལ་ཀྲུང་གོ་ལས་དྲངས།
          གསར་རྙེད་འདི་ལས། མདོ་དབུས་མཐོ་སྒང་ནི་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས་ཁྱུ་ཡི་ཐོག་མའི་རིམ་འགྱུར་གྱི་ལྟེ་གནས་ཡིན་ཚུལ་ར་སྤྲོད་བྱས་པ་རེད།
          གྲང་ངར་ཆེ་བའི་མདོ་དབུས་མཐོ་སྒང་ནི་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས་ཁྱུ་ཡི“སྦྱོང་བརྡར་རྟེན་གཞི”ཡིན་མྱོང་བ་དང་། འདི་ནས་སྲོག་ཆགས་དེ་ཚོ་འཁྱགས་རོམ་དུས་རིམ་གྱི་གནམ་གཤིས་ལ་འཕྲོད་མཐུན་འབྱུང་བའི་སྟ་གོན་བྱས་ཡོད་སྟབས། རྗེས་ཀྱི་འཁྱགས་རོམ་དུས་རིམ་གྱི་གནམ་གཤིས་བྱུང་བ་དང་བསྟུན་ནས། བོད་ལྗོངས་ཀྱི་བསེ་རྒོད་ཀྱང“མཐོ་སྒང་དང་བྲལ”ཏེ་གནས་སྤོར་རྒྱ་སྐྱེད་བྱས་ཡོད།
          གཉིས། བྱང་སྣེའི་ཝ་མོ།(北极狐)

པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
          མདོ་དབུས་མཐོ་སྒང་གི་འགྱུར་རྡོའི་ནང་དུ། བསེ་རྒོད་དང་གནའ་བ། ནོར་གནག གཙོད། གསའ་སོགས་ཀྱི་ཉེ་འབྲེལ་སྲོག་ཆགས་རིགས་ཡོད་པར་མ་ཟད། ད་དུང་རི་བོ་ཧི་མ་ལ་ཡ་དང་བར་ཐག་སྤྱི་ལེ2000ལྷག་ཡོད་པའི་སའི་གོ་ལའི་བྱང་སྣེ་མུ་ཁྱུད་ཀྱི་ཚབ་མཚོན་སྲོག་ཆགས་ཏེ་བྱང་སྣེའི་ཝ་མོ་ཡི་སྔ་དུས་རིགས་ཀྱི་འགྱུར་རྡོ་ཡང་ཡོད་པ་རེད།

ཆིའུ་ཧྲི་ཝ་མོའི་སོ་རུས། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          ཚན་རིག་པས་བོད་ལྗོངས་རྩ་མདའི་གཞོང་ས་ཡི་ལོ་ཁྲི་ལྔ་བརྒྱ་ནས་སུམ་བརྒྱའི་སྔོན་གྱི་དིམ་བསགས་ནང་ནས་ཁྱི་རིགས་གསར་བའི་ཆིའུ་ཧྲི་ཝ་མོ(邱氏狐)ཞེས་པ་གསར་རྙེད་བྱུང་བ་དང་། དེ་ཡི་ཁའི་མ་སོ་དང་ད་ལྟའི་བྱང་སྣེའི་ཝ་མོ་ཡི་མ་སོ་གཉིས་ཀར་དངོས་པོ་གཏུབ་གཅོད་ཀྱི་བྱེད་ནུས་ལྡན་པར་མ་ཟད། ད་དུང་ཁ་ཟས་འདྲེས་མར་བརྟེན་པའི་ད་ལྟའི་ཝ་མོ་ཡི་རིགས་གཞན་པ་དང་མི་འདྲ་བ་རེད།

མདོ་དབུས་མཐོ་སྒང་གི་མཐོ་ཚད་འགྱུར་ལྡོག་གི་རི་མོ། པར་རིས་ཚན་སྤེལ་ཀྲུང་གོ་ལས་དྲངས།
          འཁྱགས་ཀླུང་དུས་རབས་ཐོན་པ་ན། མཐོ་སྒང་གི་སྲོག་ཆགས་ཚོས་འཚོ་གནས་ཁོར་ཡུག་གིས་བསྐྱེད་པའི་ལེགས་ཆ་ལ་བརྟེན་ནས་ས་བབ་དམའ་ས་དང་དྲོད་གཤེར་ཁུལ་དུ་འཚོ་བའི་སྲོག་ཆགས་ཀྱི་ཚབ་བྱས་ཡོད་པ་དང་། མཐོ་སྒང་ནས་ཐོན་པའི་སྲོག་ཆགས་འདི་ཚོས་ཀྱང་སྔར་གྱི་གྲང་བཟོད་ནུས་པ་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད། དེ་ཚོའི་རྗེས་རབས་ལ་སྔར་ལས་ལྷག་པའི་འཕྲོད་མཐུན་ནུས་པ་བྱུང་ནས་ཧྥེ་གླིང་ཕྱོགས་དང་མེ་གླིང་ལྷོ་མའི་ཕྱོགས་ལྟ་བུར་མཆེད་པ་ན། ད་ལྟའི་སའི་གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་ཆགས་པར་རྨང་གཞི་བཏིངས་ཡོད།
          གསུམ། མདོ་དབུས་མཐོ་སྒང་དུ་ལྷག་པའི་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས་ཏེ། ནོར་གནག

མཐོ་སྒང་གི་ནོར་གནག པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
          ནོར་གནག་ནི་མདོ་དབུས་མཐོ་སྒང་གི་དམིགས་བསལ་མཚོན་རྟགས་ཤིག་ཡིན། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། བོད་རིགས་མི་དམངས་དང་མཉམ་དུ་གཅིག་ལ་གཅིག་བརྟེན་ངང་ཡོད། ནོར་གནག་ནི་གྲང་ངར་ཆེ་བ་དང་གནམ་གཤིས་འཁྱགས་པ། དབྱང་རླུང་དཀོན་པ་བཅས་ཀྱི་ཛ་དྲག་ཁོར་ཡུག་ནང་དུ་འཚོ་གནས་བྱེད་ཐུབ་སྟབས། མཐོ་སྒང་ཤེས་དཔལ་གྱི་འདེགས་སྐྱོར་སྲོག་ཆགས་སུ་གྱུར་ཡོད།

འབྲོང་། པར་རིས་དྲ་བ་ལས་དྲངས།
          ད་ལྟའི་བར་དུ་ཕལ་ཆེར་ལོ་ཁྲི་སུམ་བརྒྱ་ཡོད་པའི་སྔོན་ལ། འབྲོང་གི་མེས་པོ་ནི་མདོ་དབུས་མཐོ་སྒང་གི་ས་ཆ་འདི་ན་འཚོ་ཡོད་པ་དང་། དེའི་ལུས་ཀྱི་ཀོ་རྩིད་དང་གློ་བ། ཁྲག་དམར་སྤྲི་དཀར། ད་དུང་སྣ་དབང་སྐྱེན་པོ་དང་རིམས་འགོག་མ་ལག་དྲག་པོ་བཅས་ལ་བརྟེན་ནས་ལོ་ཟླའི་ཆུ་རྒྱུན་རིང་མོའི་ནང་དུ། གླང་རྒོད་དང་སྟག་མཆེ་རིང་སོགས་རྩ་སྟོངས་སུ་གྱུར་པ་མཐོང་ཡོད་ནའང་། ནོར་གནག་ནི་སྔར་བཞིན་མཐོ་སྒང་འདི་ནས་འཚོ་བ་རྒྱུན་འཁྱོངས་ཐུབ་སྟེ། མདོ་དབུས་མཐོ་སྒང་དུ་ལྷག་ལུས་བྱུང་བའི་འཁྱགས་རོམ་དུས་རིམ་གྱི་སྲོག་ཆགས་ཁོ་ནར་གྱུར་ཡོད།
          སའི་གོ་ལའི་འགྱུར་ལྡོག་གིས་མདོ་དབུས་མཐོ་སྒང་ཡར་འཕགས་པར་བྱས་ཡོད་ལ། མདོ་དབུས་མཐོ་སྒང་འདི་ད་ལྟའི་བར་དུའང་སའི་གོ་ལ་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་དམ་ཟབ་ཡོད། སྔོན་ཆད། མཐོ་སྒང་འདི་རུ་འཚོ་མྱོང་བའི་གནའ་བོའི་སྲོག་ཆགས་མང་པོ་ཡང་རིམ་འགྱུར་དང་གནས་སྤོར་བྱས་པ་ལས། ད་ལྟའི་སྲོག་ཆགས་ཁྱུ་ཡི་ཁྱབ་ཚུལ་ལ་ཤན་ཤུགས་གཏིང་ཟབ་ཐེབས་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།