ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཉིན་ཞག་གཅིག་གི་ནང་ལ། མཚོ་སྔོན་ནས་མཐོང་ཐུབ་པའི་ངོ་མཚར་མཛེས་ལྗོངས།

སྤེལ་དུས 2021-10-25 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
ཉིན་ཞག་གཅིག་གི་ནང་ལ། མཚོ་སྔོན་ནས་མཐོང་ཐུབ་པའི་
ངོ་མཚར་མཛེས་ལྗོངས།
          དུས་ཚོད་ནི་དྲི་དང་ཁ་དོག གཟུགས་ཅི་ཡང་མེད་པ་ཞིག་ཏུ་སྣང་ལ། དུས་ཚོད་དམ་འཛིན་བྱས་ཡོད་མེད་ཀྱི་བར་ནས་ཀྱང་། ཉིན་གཅིག་དང་ལོ་གཅིག་ལྟ་བུ་ནི་ཇི་ལྟར་རྫོགས་པའང་མི་ཤེས། མཚོ་སྔོན་གྱི་ཉིན་གཅིག་གི་དུས་ཚོད་དེ་གོ་རིམ་ཡོད་པ་ལྟར་དུམ་བུ་བཅུ་གཉིས་ལ་བགོས་ན། དུམ་བུ་རེ་རེ་ནས་ཀྱང་ངོ་མཚར་རྨད་བྱུང་གི་མཛེས་ལྗོངས་རེ་མཐོང་ཐུབ་པ་ཁྱོད་ཀྱིས་ཤེས་སམ།
          ཆུ་ཚོད23:00ནས01:00གི་བར།
ཟི་ལིང་མཁར་གྱི་ཙོང་ཆུ།
          མཁར་གྲོང་གི་འདུ་འཛི་འཇགས་ནས་ཡོད་ཚད་མུན་ནག་གིས་གཡོགས་པའི་ཁོར་ཡུག་ནང་དུ། གློག་སྒྲོན་རྣམས་ཀྱང་རབ་རིབ་ཅིག་ཏུ་གྱུར་ཡོད།
          ཆུ་ཚོད01:00ནས03:00གྱི་བར།
ཚྭ་ཁའི་ཚྭ་མཚོ།
          སྐར་ཚོགས་རྣམ་པར་བཀྲ་བ་ནི་མཚན་མོའི་མཛེས་ལྗོངས་ཡིན་ལ། སྐར་མདའ་གློ་བུར་དུ་རྒྱུ་བ་ནི་ཚྭ་མཚོའི་ནང་དུ་སྐར་མ་ཞིག་ལྷུང་བ་དང་ཀུན་ནས་མཚུངས།
          ཆུ་ཚོད03:00ནས05:00ཡི་བར།
ཨ་ཆེན་གངས་རྒྱབ།
          ཡུལ་འདི་ནི་འདུ་འཛི་ཆེ་བའི་གྲོང་ཁྱེར་དང་རིང་དུ་གྱེས་ཡོད་ལ། འདི་ནས་ཆེས་ཁྱད་དུ་འཕགས་པའི་ནམ་མཁའ་མཐོང་ཐུབ། སེམས་ཀྱི་དགའ་བ་དེའི་ཆེད་དུ། ལྷིང་འཇགས་ངང་མུ་མེད་ཀྱི་མཁའ་དབྱིངས་ལ་རོལ་མྱོང་བྱས་ཆོག
          ཆུ་ཚོད5:00ནས7:00གྱི་བར།
ཁུ་ལུའུ་ཁུ་མཚེའུ།
          ཁུ་ལུའུ་ཁུ་མཚེའུ་ཡི་འགྲམ་ནས་ཉི་བཞོན་ལ་ལྟ་བ་ནི་སེམས་སུ་དྲན་ཡང་སྐྱིད་པའི་ཚོར་བ་ཞིག་འདུག ཞོགས་པའི་ཉི་ཟེར་ཐོག་མ་ལ། ཁ་གཡང་གི་གཏམ་མང་པོ་ཞིག་བཅོལ་ཡོད་ལ། དེ་ཡིས་གྲང་ངར་དང་མུན་ནག་རྡུལ་དུ་བཏང་ཡོད།
          ཆུ་ཚོད7:00ནས9:00ཡི་བར།
བཙུན་མོ་དམར་ཡག་མ།
          བཙུན་མོ་དམར་ཡག་མ་ནི་བྱེ་མའི་བྲག་རྡོ་དམར་པོ་དང་རྡེའུ་རིལ་གྱིས་གྲུབ་པ་ཞིག་ཡིན་ལ། དེའི་ཁ་གཏད་དུ་ཨ་མྱེས་སྟོང་སོ་ཡོད་ཅིང་། མིག་དབང་གི་ཟས་སུ་གྱུར་པའི་མཛེས་ལྗོངས་ཀྱིས་མི་སེམས་ལ་སྤྲོ་བ་ཆེན་པོ་སྟེར་ཡོང་།
          ཆུ་ཚོད9:00ནས11:00གི་བར།
ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
          ཉི་འོད་མཚམས་སྤྲིན་ས་དབྱིབས་ལ་ཕོག་པ་ན། ས་གཤིས་ཆགས་དབྱིབས་ལ་ངོ་མཚར་གྱི་ཉམས་ཤིག་འབྱུང་ལ། ཚོན་མདོག་སྣ་ལྔ་རང་བཞིན་གྱིས་ཐོན་པ་ལས། ལྷ་ཡུལ་ཁམས་དང་འདྲ་བའི་ཡུལ་ལྗོངས་ཤིག་མངོན་ཡོད།
          ཆུ་ཚོད11:00ནས13:00གྱི་བར།
མོན་ཡོན་གྱི་སྐེ་ཚེ་མེ་ཏོག
          སྤྱི་ལེ་བརྒྱ་ཕྲག་ཙམ་ལ་ཁྱབ་པའི་མེ་ཏོག་གི་རྒྱ་མཚོ་ནི་ས་གདན་ཆེན་པོ་ཞིག་འཛིན་མའི་ཁྱོན་དུ་བཏིང་བ་དང་འདྲ་ལ། གསེར་མདོག་གྱི་སྐེ་ཚེ་མེ་ཏོག་དང་དུམ་བུར་འཁྱིལ་བའི་སྤྲིན་པ། ད་དུང་མདོ་ལ་རི་བོ་བཅས་ཀྱིས་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་ཤིག་བསྐྲུན་ཡོད།
          ཆུ་ཚོད13:00ནས15:00ཡི་བར།
མཚོ་སྔོན་པོ།
          མུ་མཐའ་མེད་པའི་མཚོ་ངོས་སུ། རྦ་རླབས་འཕྱུར་བ་ནི་གནམ་སྔོན་པོ་ལ་སྦྲེལ་ནས་ཡོད་པ་དང་འདྲ་ལ། ཉ་ཁྱུ་ཡིས་རྐྱལ་རྩལ་ངོམ་ཞིང་བྱ་ཚོགས་ཀྱིས་བར་སྣང་ན་ལྡིང་སྐོར་བྱེད་བཞིན་ཡོད།
          ཆུ་ཚོད15:00ནས17:00གྱི་བར།
སྟོང་རི་མཚོ་ནག
          རི་ཚོགས་ཀྱིས་བསྐོར་བའི་མཚེའུ་འདི་ནི་དྭངས་ཤིང་གཙང་བར་ཡོད་ལ། གནམ་གཤིས་དྲོད་གྲང་སྙོམས་ཤིང་ལྗོན་ཤིང་རིགས་མང་གིས་གནམ་ཆེན་པོ་འདི་ཡང་གཡོགས་པར་འདོད་པ་ཞིག་ཏུ་སྣང་བ་དང་། རྩི་ཤིང་མང་པོ་ས་གཞི་ལ་ཁྱབ་ཡོད་སྟབས། འདི་ལ“མཐོ་སྒང་གི་ཞི་ཧྲོང་པན་ན”ཞེས་པའི་མིང་ཐོགས་ཡོད།
          ཆུ་ཚོད17:00ནས19:00ཡི་བར།
ཚྭ་འདམ་གཞོང་ས།
          མི་རྣམས་ཀྱིས་རྒྱུན་པར་ཚྭ་འདམ་གཞོང་ས་འདི་ནི“ནོར་གྱིས་གཏམས་པའི་མཛོད་ཁང”ཞིག་དང་སའི་གོ་ལའི་ཐོག་གི“སྐར་མ་མིག་དམར་ལ་ཆེས་འདྲ་བ”ཡི་ས་ཆ་ཡིན་ཞེས་ཟེར། ཡུལ་འདི་ནི་རྒྱ་ཆེ་ཞིང་ཐན་པ་ཆེ་ལ། ལྷིང་འཇགས་དང་ཐང་སྟོང་། གདོད་མ་སོགས་ཀྱི་ཁྱད་ཆོས་ཀྱང་འཛོམས་ཡོད། 
          ཆུ་ཚོད19:00ནས21:00གི་བར།
ཆུ་ཐོག་ཡ་ཏན།
          མཚམས་སྤྲིན་མཁའ་དབྱིངས་སུ་ཁྱབ་པ་ནས་སྨག་རུམ་གྱིས་འཛིན་མ་ཡོངས་གཡོགས་པའི་བར་ཚང་མ་ནི་སྒྱུ་འཕྲུལ་ལྟ་བུ་ཞིག་ཏུ་སྣང་ལ། ཉི་འོད་ཆུ་ཐོག་ཡ་ཏན་གྱི་ཐོག་ལ་འཕྲོས་པ་ན། ཁ་དོག་སེར་པོ་ཐོན་པ་དང་། རྡོ་ཡི་ཀ་བ་དང་ཆུ་ནང་གི་ལྡོག་གཟུགས་གཉིས་བར་སྣང་དུ་འཆར་བ་ལས་རྫུ་འཕྲུལ་གྱི་མཁར་རྫོང་ཞིག་བར་སྣང་དུ་བསྐྲུན་ཡོད་པ་དང་མཚུངས།
          ཆུ་ཚོད21:00ནས23:00གྱི་བར།
ཐུང་མེང་སྤྲོ་སྐྱིད་གླིང་། (童梦乐园)
          མཚན་མོའི་གོས་ཀྱི་འོག་གི་ཐུང་མེང་སྤྲོ་སྐྱིད་གླིང་ལ་མཛེས་ལྗོངས་གསར་བ་ཞིག་ཐོན་ཡོད་ལ། ཁ་དོག་མང་བའི་གློག་འོད་དང་ཚོན་མདོག་སྣ་མང་གི་ཤོག་སྦག་གཉིས་ཀྱིས་བརྒྱན་པའི་ཐུང་མེང་སྤྲི་སྐྱིད་གླིང་ནི་རྨི་ལམ་ཁྲོད་ཀྱི་མཁར་རྫོང་ཞིག་དང་ཀུན་ནས་འདྲ་བ་རེད།
རྩོམ་སྒྲིག་པ། བསྟན་ཆོས།