ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

པྲ་ཚིལ་བྱུགས་པའི་སིལ་ཏོག་ཟོས་ན། འབྲས་སྐྲན་འབྱུང་ཞེས་པ་བདེན་ནམ།

སྤེལ་དུས 2022-01-19 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          སིལ་ཏོག་གི་ནང་དུ་འཚོ་བཅུད་དང་གཏེར་རྫས། བཟའ་བཅའི་ཚི་སྣ་སོགས་ཀྱི་དངོས་པོ་ཕུན་སུམ་ཚོགས་པོ་འདུས་སྟབས། དེའི་རིགས་ཟོས་ན་མི་ལུས་ལ་མཁོ་བའི་འཚོ་བཅུད་ཁ་གསབ་ཐུབ་ནས་རིམས་འགོག་ནུས་པ་ཇེ་ལེགས་སུ་གཏོང་ཐུབ།

          སིལ་ཏོག་ཚོང་ཁང་དུ་སོང་ན། ང་ཚོས་རྟག་པར་སིལ་ཏོག་ཁ་ཤས་ནི་མདོག་ཧ་ཅང་ཡག་པར་འདུག་པ་མཐོང་། ཡིན་ནའང་། སིལ་ཏོག་དེའི་རིགས་ཀྱི་ངོས་སུ་པྲ་ཚིལ་བྱུགས་ཡོད་པ་དང་། བཟའ་རྒྱུ་མང་ན། འབྲས་སྐྲན་ཡང་འབྱུང་བ་ཡིན་སྟབས། གཏན་ནས་ཉོ་མི་རུང་ཞེས་བཤད། དོན་ངོ་མར་དེ་འདྲ་ཞིག་ཡིན་ནམ་ཞེ་ན།
          གཅིག སིལ་ཏོག་ཁ་ཤས་ལ“པྲ་ཚིལ”འདི་ལྷན་སྐྱེས་སུ་ཡོད།
          ཀུ་ཤུ་ལྟ་བུ་སོགས་ལ། ཤིང་འབྲས་ཆགས་པའི་སྐབས་དང་བསྟུན་ནས་རང་བྱུང་གི་སིལ་ཏོག་པྲ་ཚིལ(天然果蜡)ཞིག་ཡོད་པ་དང་། དེ་ཡིས་གནོད་ལྡན་དངོས་པོ་དང་ཕྲ་སྲིན། ནད་དུག་སོགས་སིལ་ཏོག་གི་ནང་རོལ་དུ་སིམ་པ་འགོག་པར་མ་ཟད། ད་དུང་ཁོར་ཡུག་འགྱུར་ལྡོག་ལས་སིལ་ཏོག་ལ་གནོད་འཚེ་ཐེབས་པའང་འགོག་པ་ཡིན། དེར་བརྟེན། ལྷན་སྐྱེས་ཀྱི་སིལ་ཏོག་པྲ་ཚིལ་འདིའི་རིགས་ནི་གནོད་མེད་ཡིན།

          གཉིས། མིས་བཟོས་བཟའ་སྤྱོད་པྲ་ཚིལ(人工食用蜡)གྱིས་འབུ་གནོད་འགོག་ཐུབ།
          དྲང་མོར་བཤད་ན། སིལ་ཏོག་ལ་པྲ་ཚིལ་འབྱུག་པ་ནི་རྒྱལ་སྤྱིའི་ཐོག་ཏུ་བྱ་རུང་བའི་བྱེད་ཐབས་ཤིག་ཡིན་ཞིང་། འདི་ལ་ལག་རྩལ་དང་སྒྲིག་ཁྲིམས་འཐུས་ཚང་བ་ཞིག་ཡོད། རང་རྒྱལ་གྱི《བཟའ་བཅའི་སྦྱོར་རྟ་བཀོལ་སྤྱོད་ཀྱི་འཕྲོད་བསྟེན་ཚད་གཞི》ལ་གཞིགས་ན། སིལ་ཏོག་གི་ཐོག་ཏུ་པྲ་ཚིལ་བྱུགས་པ་ནི་ངེས་པར་དུ་བཟའ་སྤྱོད་པྲ་ཚིལ་ཡིན་དགོས་ལ། དེ་ནི་གནོད་མེད་ཡིན་པར་མ་ཟད། ད་དུང་བཀྲུ་ཡང་སླ་བ་ཡིན།
          རྒྱུན་ལྡན་དུ་མིས་བཟོས་བཟའ་སྤྱོད་པྲ་ཚིལ་བྱུགས་ན། སིལ་ཏོག་ཉར་འཇོག་གི་དུས་ཡུན་ཉིན15ཡས་མས་ལ་ཇེ་རིང་དུ་གཏོང་ཐུབ། དེར་བརྟེན། སིལ་ཏོག་ལ་རྒྱུན་ལྡན་གྱི་པྲ་ཚིལ་བྱུགས་པ་དེར་སེམས་ཁུར་ཚད་ལས་བརྒལ་བ་བྱ་མི་དགོས།

          གསུམ། མཉམ་འཇོག་བྱ་དགོས་པ་ནི“བཟོ་ལས་པྲ་ཚིལ” (工业蜡)ཡིན།
          ཚོང་པ་ངན་པ་ཁ་ཤས་ཀྱིས་མ་རྩ་ཇེ་ཉུང་དུ་གཏོང་བའམ་ཡང་ན་སིལ་ཏོག་རྙིང་བ་ལ་མདོག་ཡག་པོ་ཡོད་པར་བྱ་ཆེད། བཟོ་ལས་པྲ་ཚིལ་སྤྱོད་བཞིན་ཡོད། བཟོ་ལས་པྲ་ཚིལ་ནི་གཏེར་དངོས་སྣུམ་ནས་ཐོན་པ་དང་། དེའི་ནང་དུ་ཞ(铅)དང་དངུལ་ཆུ(汞)སོགས་སྟུག་ཚད་མཐོ་བའི་ལྕགས་རིགས་འདུས་ཤིང་། དེ་དག་སིལ་ཏོག་གི་ཤུན་པ་དང་ཐ་ན་ནང་སྙིང་དུའང་སིམ་པ་ཡིན། དེའི་རིགས་བཟའ་རྒྱུ་མང་ན། དངུལ་ཆུའི་དུག་དང་ཞ་ཡི་དུག་སོགས་ཕོག་པའི་ནད་རྟགས་འབྱུང་ལ། ཚབས་ཆེ་ན། བདེ་ཐང་ལ་གནོད་པར་མ་ཟད། ཚེ་སྲོག་ལའང་ཉེན་ཁ་བཟོ་བ་ཡིན།
རྩོམ་སྒྲིག་པ། བསྟན་ཆོས།