ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ད་ལོའི་གཙོད་ཀྱི་གནས་སྤོར་ཆེན་མོའི་མགོ་ཚུགས་པ།

སྤེལ་དུས 2022-05-30 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཉེ་ཆར། ཨ་ཆེན་གངས་རྒྱབ་ཀྱི་ལོ་རེར་ཐེངས་རེའི་གཙོད་ཀྱི་གནས་སྤོར་ཆེན་མོའི་མགོ་ཚུགས་པ་རེད།
          བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ5པའི་ཚེས5ཉིན། གཙོད་ཀྱི་གནས་སྤོར་ཆེན་མོ་ཡི་རེས་སྐོར་དང་པོའི་གཙོད་མ137མདོ་དབུས་ལྕགས་ལམ་དང་མདོ་དབུས་གཞུང་ལམ་གྱི་སྲོག་ཆགས་བགྲོད་ལམ་བརྒྱུད་ནས་གཙོད་ཕྲུག་བཙའ་ཡུལ་ཏེ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོའི་ཕྱོགས་སུ་བསྐྱོད་པ་རེད།

          ད་ལོའི་ཟླ5པའི་ཚེས5ཉིན། རེས་སྐོར་དང་པོའི་གཙོད་ཁྱུ་གནས་སྤོར་ལམ་དུ་ཆས་ཡོད་པ། པར་རིས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་འདོན་སྤྲོད་བྱས།
          གཙོད་ཀྱི་གནས་སྤོར་ནི་འཛམ་གླིང་གི་རྨིག་ཐོག་སྲོག་ཆགས་རིགས་ཀྱི་གནས་སྤོར་ཆེན་མོའི་ཡ་གྱལ་ཞིག་ཡིན་ཞིང་། ལོ་རེའི་ཟླ11པ་ནས12པའི་བར་ལ། མོ་གཙོད་རྣམས་རྒྱུད་སྡེབ་བྱས་རྗེས། ལོ་རྗེས་མའི་ཟླ5པའི་སྐབས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོ་དང་ཉི་མ་མཚོའི་ཕྱོགས་སུ་བསྐྱོད་ནས་གཙོད་ཕྲུག་བཙའ་བ་དང་། ལོ་དེའི་ཟླ7པ་ནས8པའི་བར་ལ་ཕྱིར་སྔར་གྱི་འཚོ་གནས་ས་ཆར་ལོག་པ་ཡིན།
          “མིག་སྔར། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་གནས་སྤོར་ལམ་ཐིག་འགྲམ་ངོགས་ཀྱི་སྲུང་སྐྱོབ་ས་ཚིགས་ཚང་མ་ལ་གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་དང་རླངས་འཁོར་གྱི་དུང་བརྡ་རྒྱག་མི་ཆོག་པ། སྐོར་ཞིབ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ནུས་ལྡན་བྱེད་ཐབས་སྤེལ་ནས་གཙོད་ཀྱི་གནས་སྤོར་ལ་གནོད་འཚེ་མི་འབྱུང་བའི་དོ་དམ་བདག་སྐྱོང་གི་བཀོད་སྒྲིག་བྱས་ཡོད”ཅེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འབྲི་ཆུའི་མགོ་ཁུངས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་པ་ཟླ་བ་སྒྲོལ་མས་མཚམས་སྦྱོར་བྱས།
          ཨ་ཆེན་གངས་རྒྱབ་ནི་རང་རྒྱལ་གྱི་མི་མེད་ཁུལ་ཆེས་ཆེ་བ་ཡིན་པའི་ཆ་ནས། འདི་ན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཕུན་སུམ་ཚོགས་པ་ཡོད། “གཙོད་ནི་མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་ཕྱོགས་སྟོན་སྲོག་ཆགས་ཤིག་ཡིན་པའི་ཆ་ནས། མིའི་རིགས་ལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ཡོད་ཚུལ་རྟོགས་ཐུབ་པར་བྱས་ཡོད”ཅེས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལེན་ཞིན་མིང་གིས་བཤད།

          2020ལོའི་ཟླ7པའི་གཙོ་གནས་མཚོའི་འགྲམ་ངོགས་ཀྱི་གཙོད། པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།
          གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། གཙོ་བོ་ནི་རང་ཞིང་གི་ཨ་ཆེན་གངས་རྒྱབ་དང་བོད་ལྗོངས་ཀྱི་བྱང་ཐང་། ཞིན་ཅང་གི་ཨར་ཅིན་ཧྲན་སོགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཡོད་ཅིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་དོ་སྙོམས་རྒྱུན་འཁྱོངས་བྱེད་པའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་ཡོད།
          ཉེ་བའི་ལོ་ལ། རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས་གཙོད་ཀྱི་རིགས་རྒྱུད་སྤེལ་བ་དང་གནས་སྤོར་བྱེད་པ་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད། ལོ་རེའི་ཟླ5པར། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་ཨ་ཆེན་གངས་རྒྱབ་མུ་རྒྱུད་ཀྱི་སྲུང་སྐྱོབ་ས་ཚིགས་ཀྱི་ལས་སྒྲུབ་མི་སྣ་དང་རླངས་འཁོར་སོགས་ཇེ་མང་དུ་བཏང་ནས་གཙོད་ཀྱི་གནས་སྤོར་སྐབས་ལ་འགྲིམ་འགྲུལ་བཀག་སྡོམ་དང་གཙོད་ཁྱུ་དང་ཁ་ཐོར་བའམ་ཡང་ན་རྨས་སྐྱོན་བྱུང་བའི་གཙོད་ཕྲུག་རིགས་ལ་སྲོག་སྐྱོབ་བྱེད་བཞིན་ཡོད།

          2020ལོའི་ཟླ7པའི་ཚེས7ཉིན། གཙོ་གནས་མཚོའི་སྲུང་སྐྱོབ་ས་ཚིགས་ཀྱི་ལས་སྒྲུབ་མི་སྣས་སྲོག་སྐྱོབ་བྱས་པའི་གཙོད་ཕྲུག་ལ་འོ་མ་ལྡུད་པ། པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།
          ཨ་ཆེན་གངས་རྒྱབ་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ། ལས་སྒྲུབ་མི་སྣ་ཚོས་ད་དུང་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་ལྟེ་གནས་བཙུགས་ཏེ་ཁ་ཐོར་བྱུང་བ་དང་རྨས་སྐྱོན་ཕོག་པའི་གཙོད་ཕྲུག་ལ་སྲོག་སྐྱོབ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། 2002ལོར་སྲོག་སྐྱོབ་ལྟེ་གནས་བཙུགས་པ་ནས་བཟུང་། ཁྱོན་བསྡོམས་རི་སྐྱེག་སྲོག་ཆགས600ལྷག་གི་སྲོག་བསྐྱབས་པ་དང་གཙོད་ཕྲུག50ལྷག་གི་སྲོག་བསྐྱབས་རྗེས་ཕྱིར་བཏང་བ་རེད།
          ཨ་ཆེན་གངས་རྒྱབ་ས་ཆའི་གཙོད་ཀྱི་ཁ་གྲངས1980ལོའི་ཡས་མས་ལ་ཁྲི2ཙམ་ལས་མེད་པ་ནས་ད་ལྟར་ཁྲི7ལས་བརྒལ་བར་གྱུར་ཡོད། “སྲོག་ཆགས་གཙོད་ཀྱི་འཚོ་གནས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་སོང་བ་ནི་མིའི་རིགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་ནས་ལེགས་འགྲུབ་བྱུང་བའི་དཔེ་ལེགས་པོ་ཞིག་ཡིན”ཞེས་ལེན་ཞིན་མིང་གིས་བཤད། 
རྩོམ་སྒྲིག་པ། བསྟན་ཆོས།