ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཆའོ་ཧྲི་ཞུང་གིས་ས་གཞི་ལ་ཐིག་ལེན་གནད་འཁེལ་བྱས་ཏེ་ངོ་མཚར་བའི་མི་ཚེའི་ལོ་རྒྱུས་བརྩམས།

སྤེལ་དུས 2022-06-07 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།

ཆའོ་ཧྲི་ཞུང་ལགས།
          ཆའོ་ཧྲི་ཞུང་གི་མི་ཚེའི་ལོ་རྒྱུས་ཀྱི་ཟིན་ཐོ་ལ་བལྟས་ཡོང་དུས། ཁོང་གི་མི་ཚེ་ནི་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན། 1994ལོར། ཝུའུ་ཧན་ཐིག་ལེན་རིས་འབྲི་ཚན་རྩལ་སློབ་ཆེན་གྱི་བཟོ་སྐྲུན་ཐིག་ལེན་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས་ཀྲུང་གོའི་ཆུ་གློག་ཅུས་བཞི་པར་ཡོང་སྟེ་ལས་ཀ་བྱས་པ་ནས་བཟུང་། ཐིག་ལེན་རིས་འབྲིའི་འཐབ་ར་དང་པོ་ནས་བྱ་བ་སྒྲུབ་མགོ་ཚུགས་ཏེ་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་དང་ཧུའུ་པེ་འབྲི་ཆུའི་འགག་གསུམ་ཆུ་བེད་ལྟེ་བ་སོགས་བཟོ་སྐྲུན་ལས་གཞི་མང་པོ་ལ་ཞུགས་ཏེ་ལས་གཉེར་སྦྱོང་བརྡར་བྱས་པ་དང་། ལས་ཀ་པ་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་སྟེ་ལག་རྩལ་མི་སྣ་དང་ལག་རྩལ་ལས་རོགས། ལས་གཞིའི་འགན་འཁུར་པ་བཅས་བྱས་མྱོང་ཞིང་། རྗེས་མར་བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པའི་དབང་གིས་དོ་དམ་ལས་གནས་སུ་འདེམས་སྒྲུག་བྱས་ཏེ་ཀྲུང་གོའི་ཆུ་གློག་ཅུས་ཞིབ་པའི་ཇུས་འགོད་གླིང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བྱས།
          ལོ28ཀྱི་རིང་ལ། ཁོང་གི་སེམས་པ་ཐིག་ལེན་རིས་འབྲིའི་བྱ་བའི་ཐོག་ལ་བཞག་སྟེ་བསྔོ་འབུལ་ཕོད་པ་དང་གསར་གཏོད་ཀྱི་རྒྱུན་མི་ཆད་པར་བྱས་པ་ན། སྔ་གཞུག་ཏུ“རྒྱལ་ཡོངས་ཕུལ་བྱུང་ཚན་རྩལ་ལས་དོན་པ”དང“མཚོ་སྔོན་ཞིང་ཆེན‘ལོ་ལྔའི་འཆར་འགོད་བཅུ་གཉིས་པ’ཡི་བར་དུས་བྱས་རྗེས་བཞག་པའི་སྔོན་ཐོན་མི་སྣ” “2014ནས2017ལོ་འཁོར་གྱི་ཀྲུང་གོའི་ས་རྒྱུས་ཆ་འཕྲིན་ཐིག་ལེན་རིས་འབྲིའི་སློབ་ཚོགས་ཀྱི་སྔོན་ཐོན་མི་སྣ” “2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཚན་རྩལ་ལས་དོན་པ”སོགས་ཀྱི་མཚན་སྙན་ཐོབ།
          གསར་གཏོད་བྱེད་ཕོད་པ་དང་ལས་འགན་དཀའ་ཚེགས་ཆེ་བ་ལ་འགྲན་སློང་བྱེད་ཐུབ་པ།
          ལོ་མང་རིང་གི་བཟོ་སྐྲུན་ཚད་འཇལ་བྱ་བའི་ཁྲོད་དུ། ཆའོ་ཧྲི་ཞུང་གིས་ཚོང་ལས་ཅན་གྱི་གྲངས་འཛིན་རིས་གྲུབ་མཉེན་ཆས་མི་འདྲ་བ་བེད་སྤྱོད་བྱས་པ་དང་། ཆུ་གློག་བཟོ་སྐྲུན་གྱི་ཨར་ལས་ཚད་འཇལ་ཁྲོད་དུ་མཉེན་ཆས་རིགས་འདི་ལ་དེའི་ལེགས་ཆ་དང་ཞན་ཆ་གཉིས་ཀ་ཡོད་ཅིང་། ཞན་ཆ་ཁ་ཤས་ཀྱིས་བཟོ་སྐྲུན་ཚད་འཇལ་ལ་ནོར་འཁྲུལ་བྱུང་དུ་བཅུག་པ་སྟེ། དཔེར་ན་ཟུར་གསུམ་དྲ་མིག་གི་བཟོ་ཚུལ་འོས་འཚམ་མིན་པ་ལས་ས་དབྱིབས་དཔེ་རིས་ཀྱི་གྲུབ་རིས་ལ་ནོར་འཁྲུལ་བྱུང་བ་དང་། ས་རྡོ་བསློགས་རྗེས་ཕྱིར་སྣོན་པའི་བཟོ་སྐྲུན་རྩིས་རྒྱག་རྙོག་འཛིང་ཆེ་བ་སོགས་ཡོད། གནད་དོན་འདི་དག་ཐག་གཅོད་བྱ་ཆེད། ཁོང་གིས་ཞིབ་འཇུག་འཚོལ་ཞིབ་ཡང་དང་བསྐྱར་དུ་བྱས་པ་བརྒྱུད་ཆུ་བེད་ཆུ་གློག་བཟོ་སྐྲུན་གྱི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ《གྲངས་འཛིན་ཅན་གྱི་རང་འགུལ་གྲུབ་རིས་མ་ལག(Dads)》ཅེས་པ་གསར་སྤེལ་ཇུས་འགོད་བྱས་པ་དང་། དེ་རྒྱལ་ནང་དུ་ཐོན་སྐྱེད་བྱས་པའི་རིགས་མཚུངས་མཉེན་ཆས་གཞན་པ་དང་བསྡུར་ན། མ་ལག་གི་གྲུབ་རིས་སྔར་ལས་གསལ་ཞིང་བཟོ་སྐྲུན་རྩིས་རྒྱག་སྔར་བས་ཡང་དག་ཡིན་པ་རེད། ལ་ཞི་ཝ་ཆུ་གློག་ས་ཚིགས་ཀྱི་བཟོ་སྐྲུན་ཚད་འཇལ་ནང་དུ་བེད་སྤྱོད་བཟང་པོ་བྱེད་ཐུབ་པ་ལས་ཁེ་ལས་ལ་མངག་ཉོ་སྒོར་མོ་མི་ཉུང་བ་ཞིག་གྲོན་ཆུང་བྱུང་བར་མ་ཟད། ད་དུང་རྗེས་མཐུད་ཀྱི་ཆུ་བེད་ཆུ་གློག་བཟོ་སྐྲུན་གྱི་ནང་དུའང་བེད་སྤྱོད་བཟང་པོ་བྱེད་ཐུབ་ཡོད།

          རྒྱལ་ནང་གི་ཆུ་གློག་བཟོ་སྐྲུན་ཁྲོད་ཀྱི་གཞུ་དབྱིབས་ཆུ་རགས་ཇུས་འགོད་ཇེ་མང་ནས་ཇེ་མང་ལ་གྱུར་ཡོད་ཀྱང་། གཞུ་དབྱིབས་ཆུ་རགས་ཀྱི་གཟུགས་དབྱིབས་ཇུས་འགོད་རྙོག་འཛིང་ཆེ་བ་དང་། ཨར་ལས་ཚད་འཇལ་དང་རྩིས་རྒྱག་དཀའ་ཚད་དེར་བསྟུན་གྱིས་ཇེ་ཆེར་སོང་བའི་གནས་ཚུལ་ཤེས་རྟོགས་བྱུང་ནས། ཆའོ་ཧྲི་ཞུང་གིས་སྔར་བས་སྟབས་བདེ་ཞིང་ཡང་དག་པ། མགྱོགས་མྱུར་ལྡན་པའི་ཨར་ལས་ཚད་འཇལ་མཉེན་ཆས་དང་ཇུས་གཞི་ཇུས་འགོད་བྱས་ཏེ་དངོས་ཡོད་གནད་དོན་འདི་དག་ཐག་གཅོད་བྱེད་པའི་བསམ་བློ་གཏོང་མགོ་ཚུགས། ཁོང་གིས་རང་ཉིད་ཀྱིས་སྔོ་རྒྱ་འགག་དང་ལུང་ཧྲོའུ་སོགས་བཟོ་སྐྲུན་གྱི་གཞུ་དབྱིབས་ཆུ་རགས་ཚད་འཇལ་རྩིས་རྒྱག་གི་མཉེན་ཆས་གསར་སྤེལ་གྱི་ལག་རྩལ་ཉམས་མྱོང་ལ་གཞིགས་ཏེ《རྨ་ཆུའི་ལ་ཟེ་བ་ཆུ་གློག་ས་ཚིགས་ཀྱི་གཞུ་དབྱིབས་ཆུ་རགས་ཨར་ལས་ཚད་འཇལ་རྩིས་རྒྱག་གི་མཉེན་ཆས》གསར་སྤེལ་བྱས་ཏེ། ཚད་འཇལ་ཀྱི་ནང་ངོས་དང་ཕྱི་ངོས་ཚང་མ་ལ་རང་འགུལ་ཅན་མངོན་འགྱུར་བྱུང་ནས་བྱ་བའི་ལས་ཕྱོད་དང་སྤུས་ཚད་མཐོར་འདེགས་ཆེན་པོ་བྱུང་། ལག་རྩལ་མཉེན་ཆས་འདི་གསར་སྤེལ་དང་སྲ་ཆས་ཚོད་ལྟ་ལེགས་འགྲུབ་བྱུང་རྗེས་འཕྲལ་མར་ལས་གཞི་བྱེ་བྲག་པའི་ནང་དུ་སྤྱོད་ཐུབ་པས། རྒྱལ་ཁབ་གློག་ཤུགས་ཚན་རྩལ་ཡར་ཐོན་གཟེངས་རྟགས་ཀྱི་ཨང་གསུམ་པ་ཐོབ།
          2006ལོའི་དུས་མགོ་ལ། ཆའོ་ཧྲི་ཞུང་གིས་རང་ཆེད་ལས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ《ལག་ཐོག་གློག་ཀླད(PDA)ཨར་ལས་ཚད་འཇལ་ཁྲོད་ཀྱི་བེད་སྤྱོད་ཞིབ་འཇུག》ཅེས་པའི་ཚན་ཞིབ་ལས་གཞི་ལེགས་འགྲུབ་བྱུང་བ་དང་། ལས་གཞི་དེས་ཨར་ལས་ཚད་འཇལ་ཇུས་འགོད་ལ་དམིགས་ཏེ་ཚད་འཇལ་ཕྱི་ངོས་ཀྱི་མ་དཔེ་འཇོག་པ་དང་འཁྱོག་ཐིག་སྒྲིག་འཇོག་ཚོད་ལྟ། ཆད་ངོས་ཚད་འཇལ། གནས་ཐིག་བརྗེ་རེས། གཞི་གྲངས་བསྡུ་ལེན། གཞི་གྲངས་རྩིས་རྒྱག དཔེ་རིས་འབྲི་བཟོ་སོགས་ཀྱི་ཕྱོགས་ནས་སྲོལ་རྒྱུན་ལག་རྩལ་དང་བསྡུར་ན་ཐོད་རྒལ་དང་གསར་གཏོད་ཆེན་པོ་བྱུང་སྟེ། ཕྱི་ངོས་ལས་གཉེར་སྟབས་བདེ་བ་དང་མཐོང་བདེ་བ་བྱས་ནས་མི་སུ་ཞིག་གིས་སྒྲུབ་ཀྱང་ནོར་འཁྲུལ་འབྱུང་མི་ཐུབ་པ་བྱས། ལ་ཟེ་བ་ཆུ་གློག་ས་ཚིགས་ཀྱི་ས་རྡོ་རྐོ་སློག་དང་ཨར་འདམ་ལྡུག་པ། ས་དབྱིབས་ཚད་འཇལ་སོགས་ཁྱབ་ཁོངས་ཀྱི་ཐིག་ལེན་རིས་འབྲིའི་སྤུས་ཚད་དང་བྱ་བའི་ལས་ཕྱོད་ཇེ་མཐོར་བཏང་ནས་དཔལ་འབྱོར་ཁེ་ཕན་ཅུང་ལེགས་པོ་ཞིག་ཐོབ་པར་མ་ཟད། ད་དུང་དེའི་ཁྱབ་གདལ་བེད་སྤྱོད་ཀྱི་མདུན་ལྗོངས་ཀྱང་ཅུང་བཟང་པོ་བྱུང་།
          ཁེ་ལས་ནང་དུ། ཆའོ་ཧྲི་ཞུང་གིས་ཅུང་སྔ་མོ་ནས་གྲངས་འཛིན་ཅན་གྱི་རང་འགུལ་རིས་འབྲིའི་ལག་རྩལ་གྱི་ཞིབ་འཇུག་དང་བེད་སྤྱོད་བྱས། ཁོང་གིས་སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་ཝུན་རྫོང་ལིའུ་ཡོན་དང་པའེ་དབྱི་ཆུ་རགས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་སྒ་ཁུང་ཆུ་གློག་ས་ཚིགས་སོགས་བཟོ་སྐྲུན་གྱི་གདོད་མའི་ས་དབྱིབས་བསྡུར་ཚད1∶500ཡི་དཔེ་རིས་ཚད་འཇལ་ལག་རྩལ་དང་ཕྱི་ངོས་ཚད་འཇལ། ནང་ངོས་རིས་གྲུབ་བྱ་བར་ཞུགས་ནས་ལེགས་འགྲུབ་བྱུང་། ཆུ་གློག་ས་ཚིགས་འདི་ཚང་མ་ཀྲུང་གོའི་ཆུ་གློག་ཅུས་བཞི་པའི་ཇུས་འགོད་གླིང་གཅིག་པུས་ལས་འགན་ཁུར་པའི་ཇུས་འགོད་ལས་གཞི་ཡིན་པ་དང་། ཁེ་ལས་ཀྱི་ཟོང་རྟགས་སྣང་བརྙན་དང་ཇུས་འགོད་གླིང་གི་ཐིག་ལེན་རིས་འབྲིའི་ལག་རྩལ་གྱི་སྟོབས་ཤུགས་འཛུགས་སྐྱོང་བྱ་ཆེད། ཐིག་ལེན་རིས་འབྲིའི་ལས་འགན་འདི་ཚང་མའི་ནང་དུ་ཆའོ་ཧྲི་ཞུང་གིས་རྒྱལ་ཁབ་དང་ལས་རིགས། འབྲེལ་ཡོད་སྡེ་ཁག་གི་ལག་རྩལ་ཚད་ཐིག་དང་ཐིག་ལེན་རིས་འབྲིའི་གཏན་འབེབས་ཀྱི་བླང་བྱ་ལྟར་ལས་ཀ་བསྒྲུབས་པར་མ་ཟད། ད་དུང་ཕྱི་ངོས་ཚད་འཇལ་ཁྲོད་དུGPSཚོད་འཛིན་ཚད་འཇལ་དངRTKལག་རྩལ་ཡང་སྤྱད་ནས་མི་སྣ་ཉུང་བ་དང་ཨར་ལས་བྲེལ་བ་ཆེ་བའི་གནས་ཚུལ་འོག ལས་ཕྱོད་ཆེ་ཞིང་སྤུས་ཚད་མཐོ་བའི་ངང་ཐིག་ལེན་རིས་འབྲིའི་ལས་འགན་ཚང་མ་ལེགས་འགྲུབ་བྱུང་བས། འབྲེལ་ཡོད་མགོ་ཁྲིད་དང་ལས་བདག་ལས་ཁུངས་ཀྱིས་ཁས་ལེན་དང་བསྟོད་པ་བྱས། གཞན་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་ཨར་ལས་གྲུབ་པའི་ས་དབྱིབས་ས་ཁྲ་དང་འབྲི་ཆུའི་འགག་གསུམ་བཟོ་སྐྲུན་རགས་ཤུལ་ཁུལ་གྱི་ས་རྡོ་རྐོ་སློག་ས་དབྱིབས་ཚད་འཇལ་སོགས་ཀྱང་ཁོང་གིས་འགན་ཁུར་ནས་ལས་གཉེར་བྱས།
          བསྔོ་འབུལ་ལ་འགྱོད་སེམས་མེད་པར་ལག་རྩལ་ཚན་ཞིབ་ཀྱི་ཡང་རྩེར་འཛེག་ཕོད་པ།
          སྲོལ་རྒྱུན་གྱི་བརྙན་རིས་སྒྲིག་བཟོ་ལ་རིན་གོང་མི་དམའ་བའི་ཆེད་ལས་མཉེན་ཆས་དང་སྲ་ཆས་སྒྲིག་ཆས་མཁོ་བ་ཡིན་ལ། འདི་དག་ཨར་ལས་སྡེ་ཁག་ཁོངས་གཏོགས་ཀྱི་ཐིག་ལེན་རིས་འབྲིའི་ལས་ཁུངས་ཤིག་ལ་མཚོན་ན། མངོན་འགྱུར་བྱ་རྒྱུ་ཧ་ཅང་དཀའ་བར་མ་ཟད། ད་དུང་ལག་རྩལ་ཡོད་ཚད་ཀྱང་ཁོང་དུ་ཆུད་མི་ཐུབ།

ཕམ་ཁ་ཁས་ལེན་མི་བྱེད་པའི་སེམས་ཤུགས་ཤིག་ལ་བརྟེན་ནས། 
          2014ལོར། ཆའོ་ཧྲི་ཞུང་གིས་བྱེད་ཐབས་གསར་བ་ཞིག་འཚོལ་ཞིབ་ཐུབ་པ་དང་། མ་རྩ་ཅི་ཡང་གཏོང་མི་དགོས་པའི་གནས་ཚུལ་འོག ཁོང་གིས་རང་རྐྱ་ཐུབ་པའི་ངང་མཚོ་སྔོན་ལ་ཟེ་བ་ཆུ་གློག་ས་ཚིགས་ཀྱི་ཁྱོན་ཡོངས་ཨར་ལས་བརྙན་རིས་ས་ཁྲ་དང་ཀན་སུའུ་ལུང་ནན་ཅའོ་ཡོན་ཆུ་གློག་ས་ཚིགས་ཀྱི་གདོད་མའི་བརྙན་རིས་ས་ཁྲའི་སྒྲིག་བཟོ་ལེགས་འགྲུབ་བྱུང་བར་མ་ཟད། ད་དུང་ཀན་སུའུ་ལུང་ནན་ཅའོ་ཡོན་རགས་ཆུ་གློག་ས་ཚིགས་ཀྱི་གདོད་མའི་བརྙན་རིས་ས་ཁྲའི་ནང་དུ་བཟོ་བཀོད་ཚད་གསུམ་གྲུབ་རིས་དང་བརྙན་རིས་ས་ཁྲ་གཉིས་མཉམ་འདྲེས་བྱེད་པ་མངོན་འགྱུར་བྱུང་བས། འབྲེལ་ཡོད་ཆེད་མཁས་པ་དང་ལས་བདག་གིས་གཟེངས་བསྟོད་བྱས་པ་དང་། དེ་ཡིས་བརྙན་རིས་ས་ཁྲ་པར་ལེན་དང་སྒྲིག་བཟོའི་མ་རྩར་གྲོན་ཆུང་ཆེན་པོ་བྱས་ཏེ་ལག་རྩལ་འདི་ཆུ་བེད་ཆུ་གློག་བཟོ་སྐྲུན་ཁྲོད་དུ་ནུས་པ་དང་ཕན་ཁེ་སྔར་ལས་ཆེ་བ་ཐོན་པར་བྱས་རྗེས་བཞག
          ཨར་ལས་ཚད་འཇལ་གྱི་རྨང་གཞི་དང་གཞི་རྩའི་ཚད་ཐིག་ཡིན་པའི་ཆ་ནས། ཁོང་གིས་ལོ་མང་རིང་ལ་སྔ་གཞུག་ཏུ་རྨ་ཆུའི་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་དང་འབྲི་ཆུའི་འགག་གསུམ་སོགས་གློག་འདོན་ས་ཚིགས10ལྷག་གི་ཚོད་འཛིན་དྲ་རྒྱའི་ཇུས་འགོད་དང་ལེགས་སྒྱུར། ཚད་འཇལ་ཧེ་བག་བཅས་ཀྱི་བྱ་བ་བསྒྲུབས་ནས་གྲུབ། ཁོང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི《རྨ་ཆུའི་ལ་ཟེ་བ་ཆུ་གློག་ས་ཚིགས་ཀྱི་གཞུ་དབྱིབས་ཆུ་རགས་ཨར་ལས་ཚད་འཇལ་རྩིས་རྒྱག་མཉེན་ཆས》དང《རབ་མཐོའི་གཞུ་དབྱིབས་ཆུ་རགས་ཚད་འཇལ་ཚོད་འཛིན་མ་ལག་གི་གསར་སྤེལ་དང་བེད་སྤྱོད》ཅེས་པའི་ཚན་རྩལ་གྲུབ་འབྲས་གཉིས་ཀྱི་མཉེན་ཆས་སུ་ཨར་ལས་ཚད་འཇལ་གྱི་བྱེད་ནུས་ཚང་མ་འདུས་པ་ན། ལས་སྒྲུབ་མི་སྣས་ཕྱི་ངོས་ཀྱི་གཞི་གྲངས་འཚོལ་བསྡུ་བྱས་པ་ཡར་སྤྲོད་བྱས་རྗེས། རང་འགུལ་ངང་ཨར་ལས་འདྲ་དཔེ་དང་མ་དཔེ་བསྐྱར་འཇལ། ཨར་འདམ་གཟུགས་འགྱུར། ལས་ཚད་རྩིས་རྒྱག་བཅས་བྱས་ཏེ་རང་འགུལ་ངང་ཚད་འཇལ་གྲུབ་འབྲས་རེའུ་མིག་སྣ་ཚོགས་དང་དྲང་ངོས་རི་མོ། གཞི་གྲངས་རེའུ་མིག་སོགས་གྲུབ་ནས་ཐད་ཀར་བསྐྱར་པར་བྱས་ན། སྐར་ཆ40ལས་མི་འགོར་བས། རྒྱུན་ལྡན་དུ་ཆུ་ཚོད1ལྷག་དགོས་པ་དང་བསྡུར་ན། ལས་ཕྱོད་ཧ་ཅང་ཆེ་ཞིང་། མིའི་དབང་གིས་ནོར་འཁྲུལ་མི་འབྱུང་བར་བྱས་ཡོད། འདི་ཡིས་མི་ནི་གཞི་གྲངས་མང་པོ་ཡོད་པའི་ནང་དུ་ལས་གཉེར་བྱ་དགོས་པ་ནས་བཅིངས་འགྲོལ་བྱས། སྐབས་དེར། གྲུབ་འབྲས་འདི་བདེ་བླག་བེད་སྤྱོད་བྱས་པས་ཀྲུང་གོའི་ཆུ་གློག་ཅུས་བཞི་པ་ནི་རིག་ནུས་ཐིག་ལེན་རིས་འབྲིའི་དུས་རབས་གསར་བ་ལ་ཐོན་པ་མཚོན་པས། གཟེངས་བསྟོད་དང་དོ་ཁུར་རྒྱ་ཆེན་པོ་བྱུང་། ཞིབ་འཇུག་གསར་སྤེལ་བྱས་པའི《ཆུ་བེད་ཆུ་གློག་བཟོ་སྐྲུན་རྐོ་སློག་སྣོན་འཛུགས་བཟོ་སྐྲུན་ཚད་ཀྱི་ཞིབ་ཚགས་རྩིས་རྒྱག》ཅེས་པའི་བེད་སྤྱོད་ཞིབ་འཇུག་ནི་སྲོལ་རྒྱུན་གྱི་རྩིས་འཇལ་བྱེད་ཐབས་ལས་ཡང་དག་པ་དང་མཐོང་རུང་ཚད་རིམ་མཐོ་བ། རྩིས་འཇལ་ལས་ཕྱོད་ཆེ་བ་བཅས་ཡིན་སྟབས། ལས་གཞི་མང་པོའི་ནང་དུ་བེད་སྤྱོད་ཐུབ་ནས་ལས་བདག་དང་ཇུས་འགོད་ལས་ཁུངས་ཀྱིས་གཅིག་གྱུར་གཟེངས་བསྟོད་བྱས་ཡོད།

          བློ་སེམས་རྩེ་གཅིག་གིས་ཡར་བརྩོན་བྱས་ཏེ་ཐིག་ལེན་རིས་འབྲིའི་ལག་རྩལ་གྱི་སྣེ་ཁྲིད་པ་བྱེད་པ།
          2010ལོར། ཆའོ་ཧྲི་ཞུང་གིས་ཇུས་འགོད་གླིང་གི་མི་མེད་གནམ་གྲུའི་ཆེད་ལས་ལག་རྩལ་ཚོགས་པ་བཙུགས་པ་དང་། ཞིབ་འཇུག་གསར་སྤེལ་བྱས་པའི《མི་མེད་གནམ་གྲུའི་འཕུར་སྐྱོད་ཚད་ལེན་མ་ལག་གི་ཉེར་སྤྱོད་ཞིབ་འཇུག》ཅེས་པ་ཡིས་མི་མེད་གནམ་གྲུ་ལ་འཕྲུལ་སྒུལ་མྱུར་བ་དང་ནུས་ལྡན་འགྲོས་མགྱོགས། ཞིབ་ཚགས་ཡང་དག ལས་སྒྲུབ་མ་གནས་དམའ་བ། བེད་སྤྱོད་ཁྱབ་རྒྱ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པར་བྱས་པ་ན། མགྱོགས་མྱུར་ངང་ས་དབྱིབས་དཔེ་རིས་ཀྱི་གཞི་གྲངས་རྒྱུ་ཆ་བསྡུ་ལེན་ཐུབ་ནས་དངོས་སྣང་གསལ་བའི་ས་དབྱིབས་དཔེ་རིས་འདོན་སྤྲོད་བྱས་པ་ལས་དབྱེ་འབྱེད་ཚད་མཐོ་ཞིང་ཞིབ་གསལ་ཡིན་པའི་བརྙན་རིས་ཆ་འཕྲིན་དང་དངོས་ལྗོངས་ཚད་གསུམ་མ་དཔེ་ཞིག་གྲུབ་པར་བྱས། གྲུབ་འབྲས་འདི་བཟོ་སྐྲུན་མང་པོའི་ནང་དུ་བེད་སྤྱོད་བདེ་བླག་བྱུང་བ་ལས་ཁེ་ལས་ཀྱིས་བཟོ་སྐྲུན་ཨར་ལས་ཁྲོད་དུ་ཚད་འཇལ་མི་སྣའི་ལས་ཀའི་དྲག་ཚད་ཇེ་ཆུང་དུ་བཏང་ནས་བདེ་འཇགས་རང་བཞིན་དང་ཐོན་སྐྱེད་ལས་ཕྱོད་ཇེ་མཐོར་བཏང་། ལས་གཞི་འདི་ལ་ཀྲུང་གོའི་གློག་འཛུགས་ཚན་རིག་ལག་རྩལ་གྱི་གཟེངས་རྟགས་ཨང་གསུམ་པ་ཐོབ། ཁོང་གིས་སྐུལ་འདེད་ཧུར་ཐག་བྱས་པའི་འོག ཀྲུང་གོའི་ཆུ་གློག་ཅུས་བཞི་པ་ནི་གློག་འཛུགས་ཚོགས་པའི་ཡན་ལག་ཀུང་སི་མང་པོའི་ནང་གི་མི་མེད་གནམ་གྲུའི་ཚད་འཇལ་ལག་རྩལ་ཡོད་པ་དང་དེ་ཉིད་བེད་སྤྱོད་བྱེད་པའི་ལས་ཁུངས་ཐོག་མར་གྱུར། ད་ལྟར། མི་མེད་གནམ་གྲུའི་ཆེད་ལས་ལག་རྩལ་ཚོགས་པ་འདི་ཀྲུང་གོའི་ཆུ་གློག་ཅུས་བཞི་པའི་ཇུས་འགོད་གླིང་གི་རིག་ནུས་གྲངས་འཛིན་ལྟེ་གནས་སུ་འཕེལ་རྒྱས་བྱུང་ཡོད་པར་མ་ཟད། ད་དུང་རྒྱལ་ནང་ལས་རིགས་ནང་གི་ཆེད་ལས་ལག་རྩལ་སྟོབས་ཤུགས་གལ་ཆེན་ཞིག་ཏུའང་གྱུར་ཏེ་རྒྱལ་ཁབ་ཕྱི་ནང་གི་གཙོ་གནད་བཟོ་སྐྲུན་མང་པོ་ལ་ཐིག་ལེན་རིས་འབྲིའི་ལག་རྩལ་རྒྱབ་རྟེན་འདོན་སྤྲོད་བྱས་ཡོད།
          2011ལོར། ཉིན་མོའི་དྲོད་ཚད60℃ཙམ་ཡོད་པའི་འཛམ་གླིང་གི་མཐོ་ཞིང་སྲབ་པའི་གཞུ་དབྱིབས་ཆུ་རགས་ཏེ་དབྱི་རན་རྒྱལ་ཁབ་ཀྱི་པ་ཧ་ཐི་ཡ་རུའེ་ཆུ་གློག་ས་ཚིགས་སུ། ཆའོ་ཧྲི་ཞུང་གིས་ཆེས་སྔོན་ཐོན་གྱི་སྐུད་འོད་གློག་རྡུལ་འདྲ་བཤུ་དང་ཉེ་ལྗོངས་བརྙན་ལེན་ཚད་འཇལ་ལག་རྩལ་སྤྱད་དེ་རུ་མི་རྣམས་ཀྱིས་དུས་ཡུན་ཧ་ཅང་ཐུང་ངུའི་ནང་ལ་གདོད་མའི་ས་དབྱིབས་ཀྱི་ཐིག་ལེན་རིས་འབྲིའི་ལས་འགན་ལེགས་འགྲུབ་བྱུང་དུ་བཅུག་པས། དབྱི་ལན་གཞུང་ཕྱོགས་ཀྱིས་བསྟོད་བསྔགས་བྱས་པ་རེད།
          དེ་དང་ཆབས་ཅིག ཆའོ་ཧྲི་ཞུང་གིས་སྔ་གཞུག་ཏུ《རབ་མཐོའི་ཆུ་རགས་ཚད་འཇལ་ཚོད་འཛིན་མ་ལག་གི་གསར་སྤེལ་དང་བེད་སྤྱོད》དང《ཆུ་གློག་བཟོ་སྐྲུན་སྲུང་སྐར་བརྙན་རིས་ཞིབ་གསལ་གྲངས་འཛིན་བརྙན་གཟུགས་ཚད་འཇལ་གྱི་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད》སོགས་ཚན་ཞིབ་ལས་གཞི10ལྷག་ལ་གཙོ་སྐྱོང་ལེགས་འགྲུབ་བྱུང་བ་དང་། 《ཆུ་རགས་མཐོན་པོའི་ཨར་ལས་ཚད་འཇལ་བྱེད་ཐབས》དང《ཆུ་ལས་ཕུག་གཏོད་ཨར་ལས་ཚད་འཇལ་བྱེད་ཐབས》སོགས་ལས་ཀ་བྱེད་ཐབས་མང་པོ་རྩོམ་སྒྲིག་བྱས་ཏེ་ལེགས་འགྲུབ་བྱུང་། 《ཨར་འདམ་གཞུ་དབྱིབས་ཆུ་རགས་ཀྱི་དཔེ་པང་གནས་གཏན་ཚད་རྟགས་ཐོ་མདའ》དང《GB-SARཤུད་ངོས་ལྟ་ཞིབ་ཚད་འཇལ་ལ་སྤྱོད་ཆོག་པའི་གནས་སྤོར་ལྟ་འཇལ་ལས་སྟེགས་ཤིག》ཅེས་པ་གཉིས་ལ་དངོས་སྤྱོད་རྣམ་པ་གསར་བའི་ཆེད་ཁེ་ཐོབ། 《ཆུ་གློག་ཆུ་བདེ་བཟོ་སྐྲུན་ཨར་ལས་ཚད་འཇལ་ཚད་གཞི》(DL/T5173-2012)དང《ཆུ་བེད་ཆུ་གློག་བཟོ་སྐྲུན་ཨར་ལས་ཚད་འཇལ་ཚད་གཞི》(SL52-2015)ཞེས་པ་གཉིས་ཀྱི་ལས་རིགས་ཚད་གཞིའི་དག་བཅོས་བྱ་བ་ལ་ཞུགས་ནས་གྲུབ། སྔ་རྗེས་སུ་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་གྲུབ་འབྲས་བྱ་དགའ10དང་རྒྱལ་ཁབ་ཀྱི་ཕུལ་བྱུང་ཐིག་ལེན་རིས་འབྲིའི་བཟོ་སྐྲུན་བྱ་དགའ3ཐོབ་པ་དང་། རིག་གཞུང་དཔྱད་རྩོམ12རྒྱལ་ནང་གི་འབྲེལ་ཡོད་རིག་གཞུང་དུས་དེབ་ཀྱི་ཐོག་ཏུ་སྤེལ་ཞིང་། དེའི་ནང་གི་དཔྱད་རྩོམ5འབྲེལ་ཡོད་རིག་གཞུང་ཚོགས་འདུའི་ཐོག་སྤེལ་རེས་བྱས་པ་དང་འབྲེལ་གཟེངས་བསྟོད་ཀྱང་ཐོབ་པ་རེད།

          ཤེས་བྱ་ལ་མཐའ་མེད་ཀྱང་། གང་ཞིག་རྟོགས་ན་མཆོག་ཏུ་འཛིན། ཆའོ་ཧྲི་ཞུང་གིས་དེང་རབས་ཐིག་ལེན་རིས་འབྲིའི་ལག་རྩལ་ནི་འོད་གློག་དང་རྩིས་འཕྲུལ་སོགས་འབྲེལ་ཡོད་ལག་རྩལ་གྱི་སྣེ་ཁྲིད་འོག་འཕེལ་རྒྱས་མགྱོགས་པོ་འབྱུང་རྒྱུ་ཤེས་ཡོད་སྟབས། ཁོང་གིས་མུ་མཐུད་དུ་སློབ་སྦྱོང་བྱེད་པ་དང་དུས་མཚུངས་སུ། ད་དུང་དུས་ཡུན་རིང་པོ་ལ་བཟོ་སྐྲུན་ཚད་འཇལ་གྱི་རྨང་གཞིའི་ཤེས་བྱ་དངAuto CADརིས་བཟོ། CASSརིས་གྲུབ་མཉེན་ཆས། BIMཚད་གསུམ་བཟོ་བཀོད་མ་དཔེ་དང་འགུལ་རིས་སྒྲིག་བཟོ། ས་ཚིགས་ཡོངས་ཁྱབ་ལྟ་འཇལ། མཉེན་ཆས་ཀྱི་གསར་སྤེལ་དང་ཇུས་འགོད་སོགས་ཁེ་ལས་ནང་ཁུལ་གྱི་ལག་རྩལ་གསོ་སྦྱོང་གི་བྱ་བ་སྤེལ་བ་ལས། ལས་མིའི་མིག་རྒྱ་བསྐྱེད་དེ་ཚང་མའི་ལག་རྩལ་ཆུ་ཚད་ཇེ་མཐོར་བཏང་ཡོད་པར་མ་ཟད། ད་དུང“དམར་ཁྲིད་དང་རོགས་རམ། སྣེ་ཁྲིད”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་མི་མང་པོ་ལག་རྩལ་རྐང་འཛིན་ལ་གྱུར་རུ་བཅུག་ནས་ཇུས་འགོད་གླིང་གི་སྤྱིའི་ལག་རྩལ་སྟོབས་ཤུགས་ཇེ་ཆེར་བཏང་ཡོད།
          སེམས་སུ་དད་པ་ཡོད་ན། ལས་གང་བྱེད་ལ་སྟོབས་ཤུགས་ཡོད། ཆའོ་ཧྲི་ཞུང་ནི་མི་ཚེའི་གོམ་པ་གང་རེ་ནན་ཏན་ངང་སྤོས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན། དུས་ད་ལྟར་ཡིན་ནའང་། ཁོང་གིས་ཐིག་ལེན་རིས་འབྲིའི་ལག་རྩལ་འདི་ལ་དད་པའི་སེམས་པ་ཞིག་དང་མཁྲེགས་འཛིན་གྱི་བརྩེ་བ་ཞིག་རྒྱུན་འཁྱོངས་དམ་པོ་བྱས་ཏེ་ལས་གྲོགས་ཚོ་དང་མཉམ་དུ་ཆུ་བེད་ཆུ་གློག་འཛུགས་སྐྲུན་གྱི་རི་ལུང་ཀུན་ཏུ་བསྐྱོད་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་བཞིན་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།