ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཝང་ཧྥ་ཀྲུང་གིས་ཞིང་སའི་བར་ནས་ཞིང་གསུམ་བྱ་བར་ཞབས་ཕྱི་བསྒྲུབས།

སྤེལ་དུས 2022-06-09 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།

          ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཞིང་སའི་བར་དུ། ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞིབ་འཇུག་པ་ཆེན་མོ་ཝང་ཧྥ་ཀྲུང་གི་གཟུགས་བརྙན་རྟག་པར་མཐོང་བ་ཡིན། ཁོང་གིས་ཧུའུ་ཀྲུའུ་རྫོང་གི་ཞིང་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ལ། བཀོད་སྒྲིག་དོན་མཐུན་བྱས་ཏེ་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་བེད་སྤྱོད་བཟང་བོ་བྱས་ན། ཞིང་ལས་ལ་ཐོན་འཕར་དང་ཞིང་པ་ལ་འབབ་འཕར་ཡོང་ཐུབ་པ་ཤེས་ཡོད། དེར་བརྟེན། ལག་རྩལ་གསར་བ་དང་སོན་རྒྱུད་གསར་བའི་དཔེ་སྟོན་དང་ཁྱབ་སྤེལ་བྱ་བ་སྤེལ་ཐེངས་རེ་ལ། ཁོང་ནི་གཡུལ་འཐབ་ཀྱི་རུ་འདྲེན་དམག་མི་ཞིག་དང་འདྲ་བར་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ར་དང་པོ་ན་འབད་འཐབ་བྱེད་བཞིན་ཡོད།
          1995ལོའི་ཟླ7པར། ཝང་ཧྥ་ཀྲུང་མཚོ་སྔོན་སློབ་ཆེན་ཞིང་ལས་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས་ཧུའུ་ཀྲུའུ་རྫོང་ཏུང་ཧྲན་ཞང་གི་ཞིང་ལས་ཚན་རྩལ་ཞབས་ཕྱིའི་ས་ཚིགས་སུ་བྱ་བ་བགོས་ཏེ་ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་བྱ་བར་ཞུགས་པ་དང་། སློབ་ཆེན་དུ་གཞུང་ལུགས་ཤེས་བྱའི་རྨང་གཞི་བརྟན་པོ་ཡོད་སྟབས། ཁོ་རང་མགྱོགས་མྱུར་ངང་བྱ་བའི་ལག་ལེན་གྱི་ནང་ལ་ཞུགས་ཐུབ་ཡོད།
          ཧུའུ་ཀྲུའུ་རྫོང་གི་གནམ་གཤིས་འཁྱགས་ཤིང་བསིལ་བ་ཡིན། རང་བྱུང་གི་གནམ་གཤིས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་རྒྱུས་ཁོར་ཡུག་གི་ལེགས་ཆ་ཡིས་ས་ཆ་འདི་ནི་པད་ཁའི་འདེབས་འཛུགས་ས་ཆ་ལེགས་ཤོས་ཤིག་ཏུ་གྱུར་ཡོད། 1996ལོའི་མཇུག་ལ། ཝང་ཧྥ་ཀྲུང་ཧུའུ་ཀྲུའུ་རྫོང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་སུ་ལས་གནས་སྤར་བ་དང་། སྐབས་དེར། རྒྱུད་འདྲེས་དཔྱིད་དུས་པད་ཁའི་སོན་བཟོ་བྱ་བ་ནི་མཚོ་སྔོན་ས་ཆ་ནས་ཐོག་མར་སྤེལ་བ་ཞིག་ཡིན་ཞིང་། ཧུའུ་ཀྲུའུ་རྫོང་དུ་ལྷན་སྐྱེས་ལོགས་བཀར་གྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ལས། མཚོ་སྔོན་ཞིང་ཆེན་ཞིང་ནགས་ཚན་རིག་གླིང་སོགས་ཚན་རིག་ཞིབ་འཇུག་སྡེ་ཁག་གིས་པད་ཁའི་སོན་བཟོ་བྱ་བ་སྤེལ་བའི་ས་ཆ་གཤིན་པོར་གྱུར།
          “སྐབས་དེར། ང་རང་ལ་ཏུའུ་ཏེ་ཀྲི་དང་ཚའོ་ཁྲེང་ཧའེ་སོགས་རང་ཞིང་གི་པད་ཁའི་སོན་གསོ་དང་སོན་བཟོ་ཆེད་མཁས་པ་ཚོའི་མཉམ་དུ་བྱ་བ་སྒྲུབ་པའི་གོ་སྐབས་བཟང་བོ་ཐོབ་པ་དང་། ཁོང་ཚོའི་མཉམ་དུ། ངས་ཤེས་བྱ་མང་པོ་སློབ་ཐུབ་སོང་། ཁོང་ཚོ་ནི་ཚན་ཞིབ་ཚོགས་པ་ཡིན་པ་དང་། ང་ཚོ་ནི་ཁྱབ་སྤེལ་ཚོགས་པ་ཡིན། ང་ཚོ་ནི་ཁོང་ཚོས་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཞབས་ཕྱི་པ་ཡིན”ཞེས་ཝང་ཧྥ་ཀྲུང་གིས་བཤད།
          “གཞི་རིམ་བྱ་བའི་ཞབས་ཕྱི་པ”ལེགས་པོ་ཞིག་བྱ་ཆེད། ལོ་ཆུང་བའི་ཝང་ཧྥ་ཀྲུང་གིས་ངལ་དུབ་ལ་མི་འཛེམ་པར་ཧུར་ཐག་ངང་ཞིང་ཆེན་ཞིང་ནགས་ཚན་རིག་གླིང་སོགས་ཚན་ཞིབ་སྡེ་ཁག་གིས་གསོ་སྤེལ་བྱས་པའི་པད་ཁའི་སོན་གསར་ལ་ཚགས་བཤེར་དང་གསོ་ཚགས་རྣམ་པའི་ཚོད་ལྟ་དང་ཁྱབ་སྤེལ་ཡང་དང་བསྐྱར་དུ་བྱས་ཡོད། མཚམས་རེ་ལ། སོན་བཟོ་ཞིང་ཁ་ནས་དུས་ཚོད་དྲུག་ནས་བདུན་ཙམ་ལ་ལས་ཀ་བྱེད་པ་དང་། ཚ་བ་ཆེ་བ་ལས་ལུས་ཡོངས་རྔུལ་ཆུས་བརླན་ཡོད།

          ཉེ་བའི་ལོ་ཤས་རིང་ལ། ཝང་ཧྥ་ཀྲུང་གིས་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་ལག་རྩལ་མི་སྣ་ཚོ་དང་མཉམ་དུ“མཚོ་སྔོན་རྒྱུད་འདྲེས་དང་པོ”དང“མཚོ་སྔོན་རྒྱུད་འདྲེས་གསུམ་པ” “མཚོ་སྔོན་རྒྱུད་འདྲེས་ལྔ་པ”སོགས“མཚོ་སྔོན་རྒྱུད་འདྲེས་མ་ལག”གི་སོན་རྒྱུད་གསར་བ་བཅུ་དཔེ་སྟོན་ཁྱབ་སྤེལ་དང“ཧུའུ་ཧྥེང010”སྤུས་ལེགས་རྒྱུད་འདྲེས་པད་ཁའི་ས་བོན་འདེམ་གསོ་ཁྱབ་སྤེལ་བྱས། སོན་རྒྱུད་གསར་སྒྱུར་དང་གསོ་སྤེལ་ལག་རྩལ་ལེགས་གཏོང་མུ་མཐུད་དུ་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་པད་ཁ་ནི་མངར་འདེབས་ཅན་གྱི་པད་ཁ་ནས་མངར་འདེབས་ཅན་གྱི་རྒྱུད་འདྲེས་པད་ཁའི་རིགས་ལ་བསྒྱུར་ཏེ་སྔོན་ཆད་ས་ཞིང་མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ200མ་གཏོགས་མེད་པ་ནས་རིམ་བཞིན་ཐོན་འབབ་སྤྱི་རྒྱ250ཙམ་ཡོད་པ་ལ་འཕར་བར་མ་ཟད། ད་དུང་གཞི་རྒྱ་ཆེ་བའི་སྒོ་ནས་ཁྱབ་སྤེལ་ཡང་བྱས་པས། སྤྱི་ཚོགས་ཁེ་ཕན་དང་དཔལ་འབྱོར་ཁེ་ཕན་མངོན་གསལ་ཐོབ། དུས་མཚུངས་སུ། ཧུའུ་ཀྲུའུ་རྫོང་གི་རྒྱུད་འདྲེས་པད་ཁའི་སོན་བཟོ་འཕྲུལ་ཆས་ཅན་གྱི་ཚད་རིམ་དམའ་བ་དང་ངལ་རྩོལ་པའི་མ་གནས་མཐོ་བ། ལས་བྲེལ་ཆེ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁོང་ཚོས་སོན་འདེབས་འཕྲུལ་ཆས་ཅན་དུ་གཏོང་བ་ནས་མགོ་ཚུགས་ཏེ་པད་ཁའི་སོན་བཟོའི་དགོས་མཁོ་ལྟར། རྒྱུད་འདྲེས་པད་ཁའི་སོན་བཟོ་སོན་འདེབས་འཕྲུལ་ཆས་དང་ཤལ་རྒྱག་འཕྲུལ་ཆས། ལག་སྐྱོར་ལྡུམ་འབལ་འཕྲུལ་ཆས། རྒྱུད་འདྲེས་པད་ཁའི་སོན་བཟོ་ཆེད་སྤྱོད་འགྱིག་ཤོག་ཁེབས་འདིང་འཕྲུལ་ཆས་བཅས་དངོས་སྤྱོད་རྣམ་གསར་ཆེད་ཁེ་བཞི་གསར་སྤེལ་དང་རེ་ཞུ་བྱས་ཏེ་སྔ་མོ་ནས་རྒྱུད་འདྲེས་པད་ཁའི་འཕྲུལ་ཆས་ཁེབས་འདིང་སོན་བཟོ་ལག་རྩལ་ཁྱབ་སྤེལ་བྱས་ཏེ་རྒྱུད་འདྲེས་མ་གནས་ཇེ་དམའ་དང་ས་བོན་གྱི་སྤུས་ཚད་ཇེ་མཐོ། ཐོན་འབབ་ཇེ་མང་བཅས་ལ་བཏང་། ཁོང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་ལས་པད་ཁ་ནི་ཧུའུ་ཀྲུའུ་རྫོང་གི་དཔལ་འབྱོར་ལོ་ཏོག་དང་པོ་ལ་བསྒྱུར་ནས་མང་ཚོགས་ཀྱི་ཁུག་མའི་ནང་གི་སྒོར་མོ་ཇེ་མང་དུ་གཏོང་བའི“གསེར་རྡོག”ལ་གྱུར་ཡོད།
          རྒྱུད་འདྲེས་པད་ཁའི་སོན་རྒྱུད་གསར་བའི་ཁྱད་སྤེལ་འདི་ཡིས་ཝང་ཧྥ་ཀྲུང་དང་ཞིང་ལས་བར་ལ་མི་ཤིགས་ལས་འབྲེལ་ཞིག་ཆགས་སུ་བཅུག་ཡོད།
          ཧུའུ་ཀྲུའུ་རྫོང་གི་ཞིང་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་ནི་ཞོག་ཁོག་འདེབས་འཛུགས་ཀྱི་ཐོག་ཏུའང་མཐོང་ཐུབ། 2013ལོར། ཝང་ཧྥ་ཀྲུང་གིས་བྱ་བ་གཙོ་བོ་ཞོག་ཁོག་ཐོག་ཏུ་བསྒྱུར་བ་དང་། ཁོ་རང་རྟག་པར་ཞོག་ཁོག་ཐོན་སྐྱེད་ཀྱི་ཞང་དང་གྲོང་རྡལ་ཁག་ཏུ་ཕྱིན་པ་དང་། ལོ་ཕྱེད་ལྷག་གི་དུས་ཚོད་ནི་ཞིང་སའི་བར་ན་རྒྱུ་བཞིན་ཡོད། “བྱ་བ་དངོས་བསྒྲུབས་ན་ད་གཟོད་དོན་དག་འགྲུབ་ཐུབ་པར། ང་རང་ལ་ཡིད་ཆེས་སྔ་མོ་ནས་ཡོད”ཅེས་ཝང་ཧྥ་ཀྲུང་གིས་བཤད།
          ཞོག་ཁོག་གི་ལག་རྩལ་ཁྱབ་སྤེལ་བྱ་བ་སྤེལ་ཐེངས་རེ་ལ། ཁོང་ནི་སྔོན་ལ་ཞིང་ཁར་ཕྱིན་ཏེ་ཞོག་ཁོག་གི་སྐྱེ་ཚད་ལ་ལྟ་ཞིབ་བྱས་རྗེས། ཕྱོགས་བསྡོམས་བགྲོ་གླེང་བྱེད་པ་དང་། དེ་ནས་མཉམ་ལས་ཁང་གི་འགན་འཁུར་པ་དང་འདེབས་འཛུགས་ཁྱིམ་ཚང་གི་མི་ལ་ཉམས་མྱོང་བརྗེ་རེས་དང་ལེགས་སྒྲུབ་ཞན་གསབ་བྱེད་པ་ཡིན།
          ཞོག་ཁོག་གི་སོན་རྒྱུད་གསར་བ་འདེམ་གསོའི་ཐོག་ཏུ། ཁོང་གིས་རྒན་རབས་ཀྱི་ཚན་ཞིབ་རྨང་གཞི་བེད་སྤྱོད་ལེགས་པོ་བྱས་ཏེ་ཚོགས་པའི་ཁོངས་མི་དང་མཉམ་དུ་ཞོག་ཁོག་གི་གནོད་འགོག་ནུས་པ་ཆེ་བ་དང་ཐོན་འཕར་སོན་རྒྱུད་ལ་འཚོལ་ཞིབ་ཧུར་ཐག་བྱས་པས། “ཧུའུ་ཀྲུའུ་ཞོག་ཁོག་བཞི་པ”སོགས་ཀྱི་སོན་རྒྱུད་འདེམ་གསོ་ལེགས་འགྲུབ་བྱུང་ཞིང་། “ཧུའུ་ཀྲུའུ་ཞོག་ཁོག་ལྔ་པ”དང“ཧུའུ་ཀྲུའུ་ཞོག་ཁོག་དྲུག་པ”ནི་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་ཁྱབ་ཁོངས་ཚོད་ལྟའི་ནང་དུ་ཚུད་ཡོད། སྐམ་ལས་ཆུ་གྲོན་ཞིང་ལས་ལག་རྩལ་དོན་འཁྱོལ་བྱེད་པ་སྟེ་འགྱིག་ཤོག་ཁེབས་འདིང་གསོ་འཛུགས་ལག་རྩལ་ཁྱབ་སྤེལ་བྱེད་སྐབས། ཁོང་ནི་རྒྱུན་པར་ཞིང་སར་ཕྱིན་ཏེ་ཞིང་པ་ལ་ལུད་རྫས་ཡང་དག་ངང་འཇོག་པ་དང་ཚད་ལྡན་ངང་འགྱིག་ཤོག་འདིང་བ། དུས་ཐོག་ཏུ་ཞིང་སར་བདག་སྐྱོང་བྱེད་པ་སོགས་ཀྱི་ལག་རྩལ་མཛུབ་སྟོན་བྱས་པ་ལས། འགྱིག་ཤོག་ཁེབས་འདིང་གསོ་འཛུགས་ལག་རྩལ་འདི་ཧུའུ་ཀྲུའུ་རྫོང་དུ་ཁྱབ་སྤེལ་བྱས་པ་ལ་ཁེ་ཕན་བཟང་བོ་ཐོབ།

          “2020ལོར་ཐོན་སྐྱེད་བྱས་འབྲས་ལ་ཚོད་དཔག་བྱས་པར་གཞིགས་ན། ཧུའུ་ཀྲུའུ་རྫོང་གི་འགྱིག་ཤོག་ཁེབས་འདིང་ཞོག་ཁོག་གི་ཆ་སྙོམས་སྤྱི་ཆིང0.067གྱི་ཞིང་ས་ནས་ཞོག་ཁོག་སྤྱི་རྒྱ2773.7ཙམ་ཐོན་པ་དང་། རྒྱུན་ལྡན་གྱི་གསོ་འཛུགས་བྱེད་ཐབས་དང་བསྡུར་ན། 17.4%འཕར་བ་རེད།” 2010ནས2020ལོའི་བར། ཧུའུ་ཀྲུའུ་རྫོང་གིས་ཁྱོན་བསྡོམས་འགྱིག་ཤོག་ཁེབས་འདིང་གསོ་འཛུགས་དཔེ་སྟོན་ཁྱབ་སྤེལ་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི15ལས་བརྒལ་བ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར43.1མངོན་འགྱུར་བྱུང་ཞིང་། གསར་འཕར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.49འདུག་ཅེས་ཝང་ཧྥ་ཀྲུང་གིས་བཤད།
          དུས་མཚུངས་སུ། ཝང་ཧྥ་ཀྲུང་ཚོགས་པ་ཡིས་ཞོག་ཁོག་ཐོན་སྐྱེད་གོ་རིམ་ཡོངས་ཀྱི་འཕྲུལ་ཆས་གསོ་འཛུགས་ལག་རྩལ་ཞིབ་འཇུག་ཁྱབ་སྤེལ་བྱས་ཏེ་ཞིང་ས་སྤྱི་ཆིང0.067དུ་མ་གནས་སྒོར455གྲོན་ཆུང་ཐུབ་ནས་ཆ་སྙོམས་ཐོན་འབབ་ཞོག་ཁོག་སྤྱི་རྒྱ248.2སུ་འཕར་བ་དང་། ཆ་སྙོམས་གྲོན་ཆུང་ཐོན་འཕར་སྒོར678.4བྱུང་བ་རེད། རྒྱ་སྲན་འགྱིག་ཤོག་ཁེབས་འདིང་གསོ་འཛུགས་ལག་རྩལ་དང་རྒྱ་སྲན་འཕྲུལ་ཆས་འགྱིག་ཤོག་ཁེབས་འདིང་ལག་རྩལ། རྒྱ་སྲན་འཕྲུལ་བསྡུ་ལག་རྩལ་བཅས་ཁྱབ་སྤེལ་བྱས་པ་ལས། རྒྱ་སྲན་འདེབས་འཛུགས་ཐོན་འབབ་དེ་རྒྱུན་ལྡན་གྱི་གསོ་འཛུགས་དང་བསྡུར་ན་ཐོན་འཕར་སྤྱི་རྒྱ50བྱུང་བ་དང་། འདེབས་འཛུགས་མ་གནས་སྒོར150ཙམ་ཇེ་ཉུང་དུ་བཏང་། པད་ཁའི་འཕྲུལ་ཆས་འགྱིག་ཤོག་ཁེབས་འདིང་གསོ་འཛུགས་ལག་རྩལ་ཆ་སྙོམས་སྤྱི་ཆིང0.067དུ་ཐོན་འབབ་སྤྱི་རྒྱ306.03ཡོད་པ་དང་། འགྱིག་ཤོག་ཁེབས་འདིང་མ་བྱས་པ་དང་བསྡུར་ན་ཐོན་འཕར7.42%བྱུང་ཡོད། ཁོང་ཚོས་ཕྱོགས་བསྡོམས་བྱས་པའི《མཚོ་སྔོན་ཞིང་ཆེན་མཚོ་འཕགས་མཐོ་བའི་ཞིང་ལས་ཁུལ་གྱི་སྔ་སྨིན་དཔྱིད་དུས་པད་ཁའི་རྫས་ལུད་ཞིང་སྨན་ཉུང་སྤྱོད་ལག་རྩལ་བྱེད་ཐབས》ནི་ཞིང་ལས་ཞིང་སྡེ་པུའུ་ཡིས་བེད་སྤྱོད་བྱས།
          2019ལོར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་རྫས་ལུད་ཞིང་སྨན་ཉུང་སྤྱོད་ཐོན་འཕར་བྱེད་སྒོའི་སྤྱིའི་བསམ་ཕྱོགས》ཞེས་པ་འགྲེམས་སྤེལ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་རང་ཞིང་གི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱས། ཝང་ཧྥ་ཀྲུང་གིས་ཀྱང་ལྗང་མདོག་འགོག་སྲུང་ལག་རྩལ་གྱི་ཁྱད་སྤེལ་བྱ་བ་གཞི་རྒྱ་ཆེ་བའི་ངང་སྤེལ་མགོ་ཚུགས། ཁོང་དང་ཚོགས་པའི་འབད་བརྩོན་འོག 2019ལོར། ཧུའུ་ཀྲུའུ་རྫོང་གི་ཞང་དང་གྲོང་རྡལ14ཡི་སྡེ་བ84རུ་ས་ཞིང་སྤྱི་ཆིང2680ལ་རྫས་ལུད་ཞིང་སྨན་ཉུང་སྤྱོད་ཀྱི་ཐོན་འཕར་བྱེད་སྒོའི་ཚོད་ལྟ་བྱས་པ་དང་། 2021ལོར་ཐོན་དུས། ཁྱབ་སྤེལ་བྱས་པའི་ས་ཞིང་སྤྱི་ཆིང་ཁྲི2.4ཙམ་ལ་ཟིན་ཏེ་རྫོང་ཁོངས་ཀྱི་རྫས་ལུད་དང་རྫས་འགྱུར་ཞིང་སྨན་སྤྱོད་ཚད་དེ་བྱེད་སྒོ་མ་སྤེལ་བའི་སྔོན་དང་བསྡུར་ན། 40%དང30%ཡི་ཡན་ཙམ་ཇེ་ཉུང་དུ་སོང་ཡོད་ལ། ཕྱོགས་བསྡུས་མུ་སྦྲེལ་གྱི་དཔེ་སྟོན་ཞིང་སའི་སྐྱེ་ལྡན་ལུད་ཀྱི་སྤྱོད་ཚད100%དང་ལྗང་མདོག་འགོག་སྲུང་གི་རྒྱ་ཁྱོན100% ཆུ་བསྲེས་ལོ་འདབ་གསོ་སྨན་སྤྱོད་ཚད100%བཅས་ཟིན་ཡོད། ཁོང་ཚོས་ད་དུང་ཧུའུ་ཀྲུའུ་རྫོང་གི་ཁྱབ་ཁོངས་མི་འདྲ་བའི་ལོ་ཏོག་མི་འདྲ་བ་ལའང་ལུད་ནུས་ཚོད་ལྟ་དང་སྐྱེ་ལྡན་ལུད་བརྗེ་རེས་ཚོད་ལྟ། སྐས་རིམ་ཚོད་ལྟ་སོགས་གནས་འཁེལ་གནས་གཏན་ཚོད་ལྟ་བྱས་ཏེ་ས་ཁུལ་མི་འདྲ་བའི་ལོ་ཏོག་མི་འདྲ་བ་ལ་སྐྱེ་ལྡན་ལུད་སྤྱོད་པའི་ཁྱབ་རྒྱ་ལ་འཚོལ་ཞིབ་ཕྱོགས་བསྡོམས་བྱས་ནས་ཧུའུ་ཀྲུའུ་རྫོང་གི་ལོ་ཏོག་མི་འདྲ་བར་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་ཆ་སྡེབ་ཇུས་གཞི་ལེགས་ཤོས་གཏན་འཁེལ་བྱས་པ་ལས། ཐེངས་རྗེས་མར་རྫས་ལུད་ཞིང་སྨན་ཉུང་སྤྱོད་ཐོན་འཕར་བྱེད་སྒོ་དང་ཕྱོགས་བསྡུས་གསོ་འཛུགས་བྱེད་ཐབས་སྤེལ་བ་ལ་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།

          དུས་མཚུངས་སུ། ཁོང་དང་ཁོའི་ཚོགས་པ་ཡིས་ལོ་ཏོག་གི་གནོད་འབུ་སྔོན་དཔག་སྔོན་བརྡ་གཏོང་བ་དང་ལྗང་མདོག་འགོག་སྲུང་ཚོད་ལྟའི་སྨན་རྫས་གྲབས་བཤེར་གྱི་ཚོད་ལྟའི་དཔེ་སྟོན་བྱ་བ་བསྒྲུབས། 2013ནས2020ལོའི་བར། ཁྱོན་བསྡོམས་ལོ་ཏོག་གི་གནོད་འབུ་འགོག་བཅོས་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི134ཟིན་པ་ལས། ལོ་ཏོག་ཐོན་ཚད་སྤྱི་རྒྱ་ཁྲི28278.93གྱི་གྱོང་གུད་མེད་པར་བཏང་བ་དང་། ནུས་མཐོའི་ཞིང་སྨན་གྱི་རིགས་གསར་བ84ནང་འདྲེན་བྱས་ཏེ་ཞིང་སྨན་ཉུང་སྤྱོད་ཐོན་འཕར་ལག་རྩལ་གྱི་ཕྱོགས་བསྡུས་ཞིབ་འཇུག་དང་དཔེ་སྟོན་ལ་སྐུལ་འདེད་ནུས་ལྡན་བྱས།
          ཉེ་བའི་ལོ་ཤས་ལ། ཁོང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལ་དམ་པོར་དམིགས་ཏེ་ཚོགས་པའི་སྣེ་ཁྲིད་ནས་ཧུའུ་ཀྲུའུ་རྫོང་གི་ལོ་ཏོག་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་ཤུགས་བསྣན་ཏེ་ཧུར་ཐག་ངང་ས་གནས་དེ་གའི་ཞིང་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཐོན་འཕར་ཡོང་བར་སྐུལ་འདེད་བྱས། ཁོང་ཚོས་འབད་བརྩོན་བྱས་པའི་འོག 2017ནས2019ལོའི་བར། ཧུའུ་ཀྲུའུ་རྫོང་གིས་ཁྱོན་བསྡོམས་ཞོག་ཁོག་ཚད་ལྡན་ཅན་གྱི་ལྟེ་བའི་དཔེ་སྟོན་རྟེན་གཞི་སྤྱི་ཆིང687བཙུགས་ཏེ་ཐོན་རྫས་རིན་ཐང་སྒོར་ཁྲི2132.57དང་གསར་འཕར་ཐོན་རྫས་རིན་ཐང་སྒོར་ཁྲི510.87ཡོད་པ་མངོན་འགྱུར་བྱུང་ཞིང་། རྒྱ་སྲན་ཚད་ལྡན་ཅན་གྱི་ལྟེ་བའི་དཔེ་སྟོན་རྟེན་གཞི་སྤྱི་ཆིང403བཙུགས་ཏེ་ཐོན་རྫས་རིན་ཐང་སྒོར་ཁྲི947.25དང་གསར་འཕར་ཐོན་རྫས་རིན་ཐང་སྒོར་ཁྲི159.12ཡོད་པ་མངོན་འགྱུར་བྱུང་།
          གཞན་སློབ་རའི་གསོ་སྦྱོང་ཡང་ཝང་ཧྥ་ཀྲུང་གིས་ཞིང་ལས་ལག་རྩལ་ཁྱབ་སྤེལ་བྱ་བ་སྒྲུབ་པའི་འཆང་གཟུང་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་ལ། ཁོང་གིས་ཚོད་ལྟ་དང་དཔེ་སྟོན་རྟེན་གཞི་གཉིས་ཞིང་བར་སློབ་གྲྭ་རུ་བྱས་ཏེ་ཞིང་པ་མང་པོ་རྩ་འཛུགས་བྱས་ནས་ཡུལ་དངོས་གསོ་སྦྱོང་དང་ལྟ་ཞིབ་སློབ་སྦྱོང་བྱས་པ་ལས་ཚན་རྩལ་གསོ་སྦྱོང་གི་ཁྱིམ་ཚང་ཁེབས་ཚད90%ཡི་ཡན་ལ་ཐོན་ཡོད།
          ཞིང་སའི་བར་ནས་འབད་པ་ལྷོད་མེད་བྱས་ཏེ་ཞིང་གསུམ་བྱ་བར་ཞབས་ཕྱི་ལེགས་པོ་བསྒྲུབས། ཝང་ཧྥ་ཀྲུང་གིས་ཞིང་སྡེའི་ཚན་རྩལ་ཁྱབ་སྤེལ་ཞབས་ཕྱིའི་ཁྱབ་ཁོངས་ནས། དཀའ་སྤྱད་ལྷོད་མེད་བྱས་ཏེ་ལས་གནས་སྤྱིར་བཏང་བ་ཞིག་ཏུ་ཆེས་མཛེས་པའི་ཞིང་ལས་ལག་རྩལ་གྱི་མི་ཚེའི་ལོ་རྒྱུས་བརྩམས་ཤིང་། སྔ་གཞུག་ཏུ་རྒྱལ་ཡོངས་ཞིང་ཕྱུགས་ཉ་ལས་ཐོན་ལེགས་གཟེངས་རྟགས་གསུམ་དང་ཀྲུང་ཧྭ་ཞིང་ལས་ཚན་རྩལ་གཟེངས་རྟགས་ཀྱི་ཨང་གསུམ་པ་གཅིག མཚོ་སྔོན་ཞིང་ཚན་རྩལ་ཡར་ཐོན་གཟེངས་རྟགས་ཀྱི་ཨང་གཉིས་པ་གཉིས། མཚོ་སྔོན་ཞིང་ཆེན་ཚན་རྩལ་གྲུབ་འབྲས་གཟེངས་རྟགས་བཅུ་གསུམ། སྤུས་རྒྱུད་ཚད་ལོན་དཔང་རྟགས་གསུམ། ས་གནས་ཚད་གཞི་བཞི། དངོས་སྤྱོད་རྣམ་གསར་ཆེད་ཁེ་དྲུག་བཅས་ཐོབ་ཅིང་། 2020ལོར། མཚོ་སྔོན་ཞིང་ཆེན་ཁུ་ནུ་རྩེར་སོན་འཇོན་མིའི་གྲོང་གསེབ་དར་སྤེལ་འཇོན་མིའི་གསར་གཏོད་ཚོགས་པ་དང་ཁུ་ནུ་རྩེར་སོན་འཇོན་མིའི་རིམ་མཐོ་གསར་གཏོད་ལས་གཏོད་འཇོན་མིའི་སྣེ་ཁྲིད་འཇོན་མི་ལ་བདམས་པ་དང་། 2021ལོར་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཚན་རྩལ་ལས་དོན་པའི་མཚན་སྙན་ཐོབ་པ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།