ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཝང་ཡུང་ཧྲོའུ་ཡིས“གྲངས་འཛིན་མཚོ་སྔོན”ལ“རྩིག་རྨང”བརྟན་པོ་བཏིངས།

སྤེལ་དུས 2022-06-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          གྲོང་ཁྱེར་ནས་གྲོང་གསེབ་བར་དང་མཐོ་རི་ནས་ནགས་ཚལ་བར་གང་ཞིག་ཏུའང་། ང་ཚོས5Gའཕྲིན་གཏོང་དྲ་རྒྱ་སྤྱད་ནས་འབྲེལ་འདྲིས་བདེ་བླག་ངང་བྱེད་ཐུབ། ཆ་འཕྲིན་འབྲེལ་འདྲིས་སྟབས་བདེ་བ་འདིའི་རྒྱབ་ལོགས་སུ། འཕྲིན་གཏོང་ལས་སྒྲུབ་པ་གང་མང་ཞིག་གིས་མི་ཚེའི་ལང་ཚོ་བསྔོ་འབུལ་བྱས་དང་བྱེད་བཞིན་ཡོད།

          ཀྲུང་གོའི་ལྕགས་སྒྲོམ་མ་རྐང་ཚད་ཡོད་ཀུང་སིའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡན་ལག་ཀུང་སིའི་སྤྱི་གཉེར་གཞོན་པ་དང་མཐོ་རིམ་བཟོ་འགོད་པ་ཝང་ཡུང་ཧྲོའུ་ཡང་གོང་གསལ་ལྟར་གྱི་མི་ཚེའི་ལང་ཚོ་བསྔོ་འབུལ་བྱས་དང་བྱེད་བཞིན་པའི་འཕྲིན་གཏོང་ལག་རྩལ་མི་སྣ་ཞིག་ཡིན། ཁོང་གིས་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་བྱས་རྗེས་བཞག་མེད་ཀྱང་། ནན་ནན་ཏན་ཏན་ངང་ཆེས་སྤྱིར་བཏང་གི་གཞི་རིམ་གྱི་བྱ་བ་མང་པོ་བསྒྲུབས་པ་དང་། ཁོང་གིས་དཔའ་སྐྱེད་སྟོབས་འཕེལ་གྱི་སྐད་ཆ་བཤད་མེད་ཀྱང་། མུ་མཐུད་གསར་གཏོད་ཀྱི་འདུ་ཤེས་སྤྱད་ནས་མཚོ་སྔོན་གྱི་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཟམ་འཛུགས་ལམ་གཏོད་བྱས་ཡོད། ཁོང་ནི་ཉེན་ཁ་ཆེ་བའི་དུས་སྐབས་ལ། རུ་འདྲེན་དམག་མི་བྱས་ཏེ་འཕྲིན་གཏོང་གི“ཚེ་སྲོག་ལམ་ཐིག”བསྲུངས་ནས་འཕྲིན་གཏོང་དྲ་རྒྱའི་བརྡ་རྟགས་དེ་རང་བྱུང་གནོད་འཚེ་བྱུང་རྗེས་ནམ་ཡང་མི་ཡལ་བའི་གློག་རླབས་སུ་བཏང་ཡོད།
          1999ལོར། ཝང་ཡུང་ཧྲོའུ་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཆ་འཕྲིན་དང་རྩིས་འཕྲུལ་ཚན་རིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མཚོ་ཤར་ས་ཁུལ་ཡན་ལག་དངུལ་ཁང་དུ་ཞུགས་ནས་དྲ་རྒྱའི་དོ་དམ་གྱི་བྱ་བ་བསྒྲུབས།
          “རང་ཉིད་དགའ་བའི་བྱ་བ་སྒྲུབ་ཐུབ་པ་ན། ལུས་སེམས་གང་དུའང་སྟོབས་ཤུགས་ཀྱིས་ཁེངས་ཡོད།” ཝང་ཡུང་ཧྲོའུ་ཡིས་ལས་གནས་སུ་ཞུགས་མ་ཐག་པའི་སྐབས་དེར། དྲ་ཚིགས་གསར་སྤེལ་དང་སྲུང་སྐྱོང་ངམ་ཡང་ན་བྱ་བ་གཞན་པའི་རིགས་གང་ཞིག་ཡིན་ནའང་། དེ་དག་བསྒྲུབ་རྒྱུ་ལ་ང་རང་ཧ་ཅང་དགའ་པོ་ཡོད། ཐ་ན་ལས་རེས་ཁ་སྣོན་བྱས་ཀྱང་འགྱོད་པ་མེད། ལས་ཀ་མང་པོ་བསྒྲུབས་ན་རང་ཉིད་ལ་སྦྱོང་བརྡར་མང་པོ་ཐོབ་ནས་འཚར་ལོངས་དང་ཡར་ཐོན་འབྱུང་ཐུབ་པས་ཡིན་ཞེས་བཤད།
          2000ལོའི་རྗེས་ནས་བཟུང་། ཝང་ཡུང་ཧྲོའུ་སྔ་གཞུག་ཏུ་ཀྲུང་གོའི་ཅི་ཐུང་འཕྲིན་གཏོང་མ་རྐང་ཚད་ཡོད་ཀུང་སིའི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་དང་ཀྲུང་གོའི་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚད་ཡོད་ཀུང་སིའི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་གཉིས་སུ་ལས་སྤོར་བྱས་ཏེ་དྲ་རྒྱའི་འཛུགས་སྐྲུན་དང་ལས་གཞི་གཉེར་སྐྱོང་སོགས་ཀྱི་བྱ་བ་བསྒྲུབས། ཁོང་གིས“དྲ་རྒྱའི་སྤུས་ཚད་ནི་ཁེ་ལས་ཀྱི་ཚེ་སྲོག་ལམ་ཐིག་ཡིན”ཞེས་པའི་འདུ་ཤེས་རྒྱུན་སྲུང་བརྟན་པོ་བྱས་ཏེ་བྱ་བ་འབད་པས་བསྒྲུབས་ནས་བྱ་སྤྱོད་དངོས་ཀྱིས་རང་གི་ལང་ཚོའི་རོལ་དབྱངས་བརྩམས་ཡོད།

          2010ལོའི་ཟླ4པའི་ཚེས14ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ས་ཡོམ་ཚད་རིམ7.1བྱུང་བ་དང་། སྐབས་དེའི་ཀྲུང་གོའི་འབྲེལ་འཕྲིན་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི་ལས་གཞི་སྤྱི་གཉེར་ཡིན་པའི་ཝང་ཡུང་ཧྲོའུ་ཡིས་རང་འགུལ་ངང་རེ་ཞུ་བྱས་ཏེ་གནོད་ཁུལ་གྱི་འཕྲིན་གཏོང་སྒྲིག་བཀོད་མྱུར་སྐྱོབ་ཏུ་བསྐྱོད་ནས་གནོད་རྗེས་བསྐྱར་སྐྲུན་གྱི་བྱ་བར་ཞུགས།
          གནོད་ཁུལ་གྱི་འཕྲིན་གཏོང་སྒྲིག་བཀོད་ལ་གནོད་ཐེབས་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ་སྟེ། འཕྲུལ་ཁང་ལ་རྡིབ་ལོག་ཐེབས་པ་དང་གློག་སྐུད་མང་པོ་ཆད་པ། འགྲུལ་ལམ་གས་རྡིབ་ཤོར་ནས་རླངས་འཁོར་སྐྱོད་མི་ཐུབ་པའི་གནས་ཚུལ་འོག བཟོ་སྐྲུན་མི་སྣ་ཚོས་ཞིག་རོའི་ཐོག་ནས་རྨང་གཞིའི་ས་ཚིགས་འཛུགས་པ་དང་གློག་སྐུད་འཐེན་དགོས། དུས་ཚོད་ལ་བྲེལ་བ་ཆེ་བ་ན། ཝང་ཡུང་ཧྲོའུ་ཡིས་འགྲོས་མྱུར་ངང་འཚུབ་ཟློག་ཇུས་གཞི་བཀོད་སྒྲིག་བྱས་ཏེ་བཟོ་སྐྲུན་མི་སྣའི་སྣེ་ཁྲིད་ནས་ཉིན་མཚན་དབྱེར་མེད་ངང་ལས་རིམ་ལེགས་འགྲུབ་ལ་བརྩོན་པ་དང་། རླངས་འཁོར་འགྲོ་མི་ཐུབ་ས་ནས་རྐང་ཐང་དུ་བསྐྱོད་པ་དང་། ལས་སྒྲུབ་འཕྲུལ་ཆས་ཐོན་མི་ཐུབ་སར་མི་ཤུགས་ལ་བརྟེན་ནས་འཁུར་བ་སོགས་བྱས། མཚོ་འཕགས་སྨི3000ལྷག་ཡོད་པའི་ཡུས་ཧྲུའུ་ས་ཁུལ་དུ། ཁོང་ཚོས་མཐོ་སྒང་གི་དབྱང་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ལས་ཤུགས་ཆེ་བའི་གནས་ཚུལ་འོག དཀའ་སྤྱད་ལྷོད་མེད་བྱས་ཏེ་བྱ་བའི་སྒྲུབ་རིམ་ལ་ཐོད་རྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་།
          “སྐབས་དེར། ང་ཚོས་ཉིན་གསུམ་གྱི་ནང་ལ་འཕྲིན་གཏོང་རྨང་གཞིའི་ས་ཚིགས་གཅིག་ཤར་གཏོང་བྱས་པ་དང་། ཟླ5པའི་མཇུག་ལ་ཐོན་དུས། རྨང་གཞིའི་ས་ཚིགས29བསྐྲུན་པ་ལས། འབྲེལ་འཕྲིན་གྱི་དྲ་རྒྱ་ཚང་མ་ཤར་གཏོང་ཐུབ་པར་མ་ཟད། ད་དུང་བརྡ་རྟགས་ཁེབས་ཚད་ཀྱང་ཆེས་ལེགས་པས། སྤྱི་ཚོགས་ཐོག་ནས་གདེང་འཇོག་བཟང་བོ་ཐོབ། མཉམ་སྐྲུན་མཉམ་རོལ་བྱེད་པའི་གྲ་སྒྲིག་ཆེས་འཐུས་ཚང་བ་ན། འབྲེལ་ཡོད་པུའུ་ཨུ་ཡིས་གཟེངས་བསྟོད་ཆེན་པོ་བྱས་མྱོང”ཞེས་ཝང་ཡུང་ཧྲོའུ་ཡིས་ཕྱིར་དྲན་བྱེད་བཞིན་བཤད།
          2014ལོའི་ཟླ11པར། ཝང་ཡུང་ཧྲོའུ་ཀྲུང་གོའི་ལྕགས་སྒྲོམ་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིར་ལས་སྤོར་བྱས། ཀུང་སི་ལ་ཐོན་པ་ན། ཁོང་ལ་མཚོ་ཤར་ཡན་ལག་ཀུང་སིའི་མྱུར་བགྲོད་ལྕགས་ལམ་ཞིན་ཁྲེང་ལྕགས་སྒྲོམ་གྱི་དཔེ་སྟོན་རྨང་གཞིའི་ས་ཚིགས་ལག་གཞིའི་འཛུགས་སྐྲུན་གྱི་ལས་འགན་སྤྲད་པ་དང་། ལས་གཞིའི་བླང་བྱ་ལྟར་ན། ངེས་པར་དུ་ལོ་དེའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་ལས་གྲྭའི་འཛུགས་སྐྲུན་ལེགས་འགྲུབ་འབྱུང་དགོས། ལས་གཉེར་གྱི་ཁྱབ་རྒྱ་ཆེ་བ་དང་ལས་འགན་ལྕི་བ། ལས་དུས་བྲེལ་བ། མི་སྣ་ཉུང་བ། ལས་རིམ་མང་བའི་ལས་གྲྭའི་ལས་འགན་འདི་ལ། མུ་མཐུད་དུ་སྲོལ་རྒྱུན་གྱི་འཛུགས་སྐྲུན་བྱེད་ཐབས་སྤྱད་ན། དུས་བཅད་ལྟར་ལེགས་འགྲུབ་འབྱུང་བ་ལ་ཁག་ཐེག་བྱེད་མི་ཐུབ་སྟབས། ཝང་ཡུང་ཧྲོའུ་ཡིས་བྱ་བའི་བྱེད་ཕྱོགས་ལ་གསར་གཏོད་བྱས་ཏེ་བྱ་བའི་གོ་རིམ་ཇེ་ཉུང་དུ་གཏོང་བ་དང་འཛུགས་སྐྲུན་ལས་འགན་ལ་གཅིག་གྱུར་ངང་བཀོད་སྒྲིག་བྱེད་པ། དངུལ་གཏོང་མ་གནས་ལ་ཚོད་འཛིན་འོས་འཚམ་བྱེད་པའི“སྤྱི་ཁྱབ་ཕྱོགས་བསྡུས”ཀྱི་འཛུགས་སྐྲུན་མཉམ་ལས་བྱེད་སྟངས་སྤྱད་པ་ན། དུས་ཡུན་ཉིན28སྤྱད་མཐར། སྤུས་ཚད་ལེགས་ཤིང་ལས་ཕྱོད་ཆེ་བའི་ངང་མྱུར་བགྲོད་ལྕགས་ལམ་ཞིན་ཁྲེང་ལྕགས་སྒྲོམ་གྱི་དཔེ་སྟོན་རྨང་གཞིའི་ས་ཚིགས་ལས་གཞིའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་བ་རེད།

          2015ནས2017ལོའི་བར་ལ། ཁོང་གིས《ལྕགས་སྒྲོམ་གསར་འཛུགས་ནུས་པའི་དཔེ་སྟོན་ས་ཚིགས》དང《ལྕགས་སྒྲོམ་ནུབ་དབྱེ་གསར་འཛུགས་དང་མཉམ་རོལ་ས་ཚིགས་འཛུགས་སྐྲུན》སོགས་ལས་གཞི་མང་པོ་ལ་གཙོ་སྐྱོང་བྱས་པ་དང་། མཐོ་སྒང་གི་འཕྲིན་གཏོང་རྨང་གཞིའི་ས་ཚིགས་འཛུགས་སྐྲུན་ཕྱོགས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་པ་ན། 《ལྕགས་སྒྲོམ་ཀུང་སིའི་རྨང་གཞིའི་ས་ཚིགས་ལ་སྤྱི་ཁྱབ་ཕྱོགས་བསྡུས་དོ་དམ་ལག་ལེན་དང་དཔེ་གཞི་དབྱེ་ཞིབ》སོགས་རིག་གཞུང་དཔྱད་རྩོམ་མང་པོ་སྤེལ་བར་མ་ཟད། ད་དུང་དཔེ་ཆ《ལྕགས་སྒྲོམ་རྨང་གཞིའི་ས་ཚིགས་ཡུལ་དངོས་ཀྱི་ཆག་སྐྱོན་ཐག་གཅོད་ཀྱི་ལས་གཉེར་ཚད་གཞི》ཞེས་པའང་པར་སྐྲུན་བྱས།
          2018ལོར། 5Gདུས་རབས་ཐོན་པ་དང་བསྟུན་ནས། ཝང་ཡུང་ཧྲོའུ་ཡང་འགྲན་སློང་གསར་བ་ཞིག་ལ་འཕྲད་པ་སྟེ《མཚོ་སྔོན་ཞིང་ཆེན5Gརྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་ཉིད་སྲུང་སྐྱོབ་ཀྱི་འགག་གནད་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད》ཅེས་པའི་ལས་གཞི་ལ་གཙོ་སྐྱོང་བྱས་ཡོད། ཀྲུང་གོའི་ལྕགས་སྒྲོམ་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་ནི་མཚོ་སྔོན་ཞིང་ཆེན5Gདྲ་རྒྱའི་རྨང་གཞིའི་ས་ཚིགས་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་དཔུང་ཡིན་པ་དང་། 《མཚོ་སྔོན་ཞིང་ཆེན5Gརྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་ཉིད་སྲུང་སྐྱོབ་ཀྱི་འགག་གནད་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད》ཅེས་པ་ནི5Gའཛུགས་སྐྲུན་གྱི་གཡུལ་འགྱེད་ཆེན་པོ་འདིའི་ནང་དུ་རྒྱབ་རྟེན་གྱི་འགག་གནད་ནུས་པ་ཐོན་ཡོད།
          “མཚོ་སྔོན་ཞིང་ཆེན་དུ་རི་ཁུལ་ས་ཆ་མང་ཞིང་། གྲོང་ཁུལ་ས་ཆའི་རྒྱ་ཁྱོན་ཆུང་བ་དང་། འཛུགས་སྐྲུན་འདུས་སྡོད་ཆེ་སྟབས། རྨང་གཞིའི་ས་ཚིགས་ཀྱི་ཆ་སྒྲིག་ཐོན་ཁུངས་མི་འདང་ཚུལ་ནི་ཧ་ཅང་ཚབས་ཆེན་ཡིན། ད་ཡོད་ཀྱི་བག་གནས་ཐོན་ཁུངས་གསར་འདོན་བྱས་ཏེ་ནུས་ཚོད་ཀྱིས་བར་སྟོང་གྲོན་ཆུང་དང་ནུས་སྲི་སྙིགས་འཕྲི་བྱ་དགོས”ཞེས་ཝང་ཡུང་ཧྲོའུ་ཡིས་བཤད།
          ལས་གཞིའི་སྤྱི་ཁྱབ་ཇུས་འགོད་བྱེད་སྐབས། ཁོང་གིས“བར་སྟོང་གྲོན་ཆུང་དང་ནུས་སྲི་སྙིགས་འཕྲི”ཡི་གནད་དོན་གཙོ་བོ་གཉིས་ལ་དམ་པོར་དམིགས་ཏེ་བྱ་བ་སྒྲུབ་བཞིན་ཡོད།
          གློག་རྫས་ཀྱི་ཤོང་ཚད་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། ཝང་ཡུང་ཧྲོའུ་ཡིས་གློག་རྫས་བྱེད་ནུས་ཀྱི་ལེགས་སྒྱུར་ཇུས་གཞི་ལ་ཞིབ་འཇུག་བྱས་པ་དང་། ལྕགས་ལིས་གློག་རྫས་འདི་མདོ་དབུས་མཐོ་སྒང་གི་གཉེར་སྤྱོད་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཤོང་སྐྱེད་སྐས་རིམ་གློག་རྫས་དང་བརྗེ་སྤོར་སྐས་རིམ་གློག་རྫས་སོགས་གསར་སྣོན་གྱི་ཇུས་གཞི་བཏོན་པ་ལས་གློག་རྫས་བྱེད་ནུས་ལ་ཡར་ཐོན་ནུས་ལྡན་བྱུང་།

          ཁོང་དང་ཁོའི་ཚོགས་པ་ཡིས་ད་དུང“འཕྲིན་གཏོང་རྨང་གཞིའི་ས་ཚིགས་ཆུང་ངུའི་གློག་སྐུད་དང་གྲོང་ཁྱེར་གློག་འདྲེན་བསྐྱར་བསྡུས་སྒམ་རིགས་ཤིག”སོགས་དངོས་སྤྱོད་རྣམ་གསར་གྱི་ཆེད་ཁེ3གསུམ་གསར་གཏོད་བྱས་ཏེ་འཛུགས་སྐྲུན་ཁྲོད་དུ་འཕྲད་པའི་དཀའ་གནད་ཐག་གཅོད་བྱས།
          2020ལོའི་ཟླ5པར། ཀྲུང་གོའི་ལྕགས་སྒྲོམ་མཚོ་སྔོན་ཡན་ལག་ཀུང་སི་ཡིས5Gརྨང་གཞིའི་ས་ཚིགས2404ཙམ་གྱི་འཛུགས་སྐྲུན་བྱ་བ་འགན་ལེན་བྱས་ཏེ་རྨང་གཞིའི་ས་ཚིགས་ཀྱི་ཆ་སྒྲིག་ས་ཚིགས1800ཡར་སྤྲོད་བྱས་པ་དང་། ལས་གཞི་ལེགས་འགྲུབ་བྱུང་བ་ལས་ཟི་ལིང་དང་མཚོ་ཤར་ས་ཁུལ་གྱི5Gཁེབས་ཚད85%ཡི་ཡན་ལ་ཐོན་ཡོད། རང་ཞིང་གི་འགྲིམ་འགྲུལ་ལྟེ་གནས་ཆེ་གྲས་དང་གཙོ་གནད་སྨན་ཁང་། གཙོ་གནད་ལྗོངས་ཁུལ། སྲིད་འཛིན་སྡེ་ཁག་སོགས་སུ5Gདྲ་རྒྱ་མངོན་འགྱུར་ནུས་ལྡན་བྱུང་སྟེ་མི་ཁྲི240ལྷག5Gདུས་རབས་སུ་ཐོན་པར་བྱས་ཤིང་། ལས་གཞི་འདི་ནི་རྒྱལ་ནང་གི་སྔོན་ཐོན་ཆུ་ཚོད་ལ་བསླེབས་པ་དང་། མཚོ་སྔོན་ཞིང་ཆེན5Gབེད་སྤྱོད་ཁྱབ་སྤེལ་ལ་རྨང་གཞི་བཙུགས་ཏེ“གྲངས་འཛིན་མཚོ་སྔོན”དང“དྲ་རྒྱའི་མཚོ་སྔོན”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།
          “ཕུལ་བྱུང་གྲུབ་འབྲས་ལེན་ཐེངས་རེ་ནི་ངའི་འབྱུང་འགྱུར་བྱ་བའི་མགོ་ཚུགས་ས་རེ་ཡིན། ད་ལྟར། ང་རང་གི་བྱ་བ་གཙོ་བོ་ནི་ཡུས་ཧྲུའུ་ཁུལ་གྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་གྱི་ཐོག་ཏུ་ཡོད། ངས་རང་སེམས་ཀྱི་བློ་དཀར་ཞིག་དང་དགའ་བ་ཞིག་ཡོད་པ་རྒྱུན་འཁྱོངས་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་དཀའ་སྤྱད་མདུན་སྐྱོད་བྱས་ཏེ་ཡུས་ཧྲུའུ་ཡི་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་གསར་བའི་བྱས་རྗེས་འཇོག་རྒྱུ་ཡིན”ཞེས་ཝང་ཡུང་ཧྲོའུ་ཡིས་བཤད། 
རྩོམ་སྒྲིག་པ། བསྟན་ཆོས།