ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

རྒྱུན་པར་གཅིན་བསྲན་ན། སྲོག་ལའང་ཉེན་ཁ་འབྱུང་ཞེས་པ་བདེན་ནམ།

སྤེལ་དུས 2023-04-06 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          གཅིན་སྲོན་པ་འདི་ཕལ་ཆེར་མི་མང་པོར་བྱུང་མྱོང་ཡོད། རྒྱུན་ལྡན་གྱི་དུས་ཚོད་ནང་ལ་གཅིན་བཏང་ན། ལུས་ཀྱི་བེད་མེད་ཟགས་དངོས་ཕྱིར་འབུད་བྱེད་ཐུབ་པར་མ་ཟད། ད་དུང་སྐྱེ་འཕེལ་མ་ལག(生殖系统)དང་གཅིན་ལམ་ལའང་གཙང་བཤལ་གྱི་ནུས་པ་ཐོན་པ་ཡིན། མི་མང་པོས་གཅིན་ཡུན་རིང་ལ་བསྲན་ན་བདེ་ཐང་ལ་གནོད་པ་ཧ་ཅང་ཆེ་བ་མ་ཤེས་པའི་རྐྱེན་གྱིས། འཚོ་བ་ལ་ངན་ཤུགས་ཚབས་ཆེན་ཐེབས་ཡོད།

པར་རིས་དྲ་བ་ལས་དྲངས།
          གཅིག ཡུན་རིང་ལ་གཅིན་བསྲན་ན་གནོད་པ་གང་དག་ཡོད་དམ།
          ཀ དུས་ཡུན་རིང་བོ་ལ་གཅིན་ཡང་དང་བསྐྱར་དུ་བསྲན་ན། ལྒང་བུའི་གཅིན་གཏོང་ཤ་གྲིམ་གྱི་སྐུམ་ནུས་ཇེ་ཞན་དུ་གྱུར་ཏེ་གཅིན་གཏོང་བ་ལ་འདང་ངེས་ཀྱི་སྒུལ་ཤུགས་འདོན་མི་ཐུབ་པ་དང་། དེ་ནས་གཅིན་མང་པོ་ལྒང་བུའི་ནང་དུ་ལུས་ཏེ་རིམ་བཞིན་དལ་གཤིས་གཉན་ཚད་བསྐྱེད་ཅིང་། ཚབས་ཆེ་ན་གཅིན་གཏོང་མི་ཐུབ་པར་འགྱུར་བ་ཡིན།
          ཁ། གཅིན་ནི་མཁལ་མ་ཡིས་ཁྲག་ལ་ཚགས་བརྒྱབ་པ་ལས་བྱུང་ཞིང་། དེ་ནས་གཅིན་འདྲེན་རྩ་ལམ་བརྒྱུད་ནས་ལྒང་བུའི་ནང་ལ་ཐོན་པ་དང་། མུ་མཐུད་དུ་གཅིན་ལམ་བརྒྱུད་ནས་ལུས་ཕྱི་ལ་གཏོང་བ་ཡིན། ལུས་ཁམས་ཀྱི་འཁོར་རྒྱུག་ཡག་པོ་འདི་ལ་གཅིག་བསྲན་པ་ལས་བཀག་འགོག་ཐེབས་ན། ཕྲ་སྲིན་ལྒང་བུའི་ནང་དུ་འཛུལ་བ་དང་གཅིན་ལམ་རེད་པར་བྱེད་པ་ཡིན།
          ག གཅིན་བསྲན་པ་ཚད་ལས་བརྒལ་དུས། གལ་ཏེ་མཉམ་འཇོག་མ་བྱས་པར་ཐང་ལ་འགྱེལ་བའམ་ཡང་ན་གསུས་ཁོག་ལ་རྡུང་རྡེག་ཐེབས་ན། གཅིན་གྱིས་ཁེངས་པའི་ལྒང་བུ་ལ་ཕྱི་ཤུགས་ཐེབས་པའི་རྐྱེན་གྱིས་འགད་སྲིད་ཅིང་། ཚབས་ཆེ་ན་སྲོག་ཀྱང་ཤོར་བ་ཡིན།
          ང་། ལྒང་བུ་ནས་གཅིན་གཏོང་མི་ཐུབ་པའམ་ཡང་ན་རང་ལུས་ལ་མངོན་མེད་རྐྱེན་ངན་ཡོད་པའི་ནད་པ་ཚོར་མཚོན་ན། ཡུན་རིང་ལ་གཅིན་བསྲན་ཚེ། ལྡོག་རྒྱུག་མཁལ་ནད(反流性肾病)བྱུང་སྟེ་མཁལ་མའི་ནུས་པ་ལ་གནོད་འཚེ་ཆེན་པོ་ཐེབས་པ་ཡིན།
          གཉིས། མི་འདི་དག་གིས་གཅིན་སྲོན་ན་མཉམ་འཇོག་ལྷག་ཏུ་བྱ་དགོས།
          ཁྲག་ཤེད་མཐོ་བའི་ནད་པས་གཅིན་བསྲན་ན། ཚོར་ལས་དབང་རྩ(交感神经)ལ་ངར་ལངས་པ་ལས་ཁྲག་ཤེད་ཇེ་མཐོ་དང་སྙིང་ལྡང་ཚད་ཇེ་མགྱོགས། སྙིང་ཤའི་དབྱང་ཟད་ཚད(心肌耗氧量)ཇེ་མང་བཅས་ལ་སོང་སྟེ་སྙིང་གཟེར་ལངས་པ་དང་། ཚབས་ཆེ་ན་ད་དུང་གློ་བུར་དུ་འཆི་ཡང་སྲིད།
          རྒན་པ་རྣམས་ཀྱིས་དེ་བས་ཀྱང་ཡུན་རིང་ལ་གཅིན་བསྲན་མི་རུང་བ་དང་། ལྷག་པར་དུ་སྙིང་རྩའི་ནད་རིགས་ཡོད་པའི་རྒན་པར་མཚོན་ན། ཚབས་ཆེ་དུས། གཅིན་པ་གཏོང་སྒང་ལ་གློ་བུར་དུ་བརྒྱལ་ཡང་སྲིད།
          རང་རྒྱལ་དུ། ཀླད་སྙིང་ཁྲག་རྩའི་ནད་པ་མང་ཤོས་ནི་རྒན་པའི་རིགས་ཡིན་ཞིང་། རྒན་པ་མང་པོ་ལ་ཁྲག་ཤེད་མཐོ་བ་དང་འཕར་རྩ་སྲ་འགྱུར་གྱི་ནད་ཀྱང་ཡོད་སྟབས། གཅིན་བསྲན་ན་ཁྲག་ཤེད་ཇེ་མཐོར་འགྲོ་བ་ཡིན། གལ་ཏེ་ཁྲག་ཤེད་དེ་འཕར་རྩ་ཕྲ་མོའི་སྐྲན་ལྡེབས(微动脉瘤壁)ཀྱི་ཐེག་ཤུགས་ལས་བརྒལ་ན། དེ་ཉིད་བཀད་ནས་ཀླད་ཁྲག་བརྡོལ་བ་དང་། སྲོག་ལའང་ཉེན་ཁ་འབྱུང་།
          གང་ལྟར། གཅིན་སྲོན་པ་འདི་ཕར་བལྟས་ན་གོམས་གཤིས་མི་ལེགས་པ་ཆུང་ཆུང་ཙམ་དུ་སྣང་ཡང་། དོན་ལ་དེས་མི་ལུས་ཀྱི་གཅིན་ཟགས་སྐྱེ་འཕེལ་མ་ལག་དང་སྙིང་རྩའི་མ་ལག་སོགས་ལ་ཕྱོགས་མང་བོ་ནས་གནོད་འཚེ་ཚབས་ཆེན་གཏོང་བས། ཡུན་རིང་ལ་གཅིན་སྲོན་པའི་གོམས་གཤིས་འདི་ངེས་པར་དུ་བསྒྱུར་དགོས།