“འཛམ་གླིང་ཡང་རྩེ”ཞེས་འབོད་པའི་མདོ་དབུས་མཐོ་སྒང་ནི་གྲང་ངར་ཆེ་ལ་དབྱང་རླུང་དཀོན་ཞིང་། འཚོ་གནས་ཆ་རྐྱེན་ཧ་ཅང་ཞན་པ་ཞིག་ཡིན། དེང་རབས་མི་ནི་དུས་ནམ་ཞིག་ལ་མདོ་དབུས་མཐོ་སྒང་དུ་ཐོན་ནས་གཏན་སྡོད་བྱས་པ་དང་། རྒྱུད་འདེད(遗传)ལ་རིམ་འགྱུར་ཅི་འདྲ་བྱུང་ངམ་ཞེ་ན། རང་རྒྱལ་གྱི་ཚན་རིག་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མདོ་དབུས་མཐོ་སྒང་གི་མིའི་དམིགས་བསལ་རྒྱུད་འདེད་གྲུབ་ཆ་ནི་ལོ5100ཡི་སྔོན་ནས་བཟུང་གྲུབ་ཡོད་པ་དང་། དུས་མཚུངས་སུ་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། མདོ་དབུས་མཐོ་སྒང་གི་གནའ་བོའི་མིའི་ནང་ཁུལ་དང་ཕྱི་རོལ་ས་ཁུལ་གྱི་བར་དུ་ཡང་འབྲེལ་འདྲིས་དང་སྤེལ་རེས་དམ་ཟབ་བྱས་ཡོད་པ་རེད།
མདོ་དབུས་མཐོ་སྒང་གི་གནའ་བོའི་མིའི་ལོ་རབས་དང་ས་ཁམས་ཁྱབ་ཚུལ།
གོང་གསལ་གྱི་དཔྱད་འབྲས་འདི་ནི་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཧྥུ་ཆའོ་མེ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་ཚན་རིག་ལྟེ་གནས། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་བཅས་ཀྱིས་མདོ་དབུས་མཐོ་སྒང་ས་ཁུལ་གྱི་གནའ་བོའི་མིའི་གཞི་རྒྱ་ཆེ་ཞིང་མ་ལག་རང་བཞིན་གྱི་གནའ་བོའི་གཞི་རྒྱུ་ཚོགས་པ་ལ་དམིགས་ཏེ་མཉམ་འབྲེལ་ཞིབ་འཇུག་བྱས་ནས་ཐོབ་པ་ཡིན་ཞིང་། ཟླ3པའི་ཚེས18ཉིན་དྲ་ཐོག་ནས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག་འཕེལ་རྒྱས(科学进展)》ཞེས་པ་རུ་སྤེལ་བ་རེད།
གནའ་རྫས་རྟོག་ཞིབ་པ་ཚོ་དང་མཉམ་ལས་བྱས་པ་བརྒྱུད། ཧྥུ་ཆའོ་མེ་ཚོགས་པ་ཡིས་མདོ་དབུས་མཐོ་སྒང་གི་ས་ཁོངས་མི་འདྲ་བའི་གནའ་ཤུལ30ཡི་ནང་ནས་གནའ་བོའི་མིའི་རིགས་ཀྱི་བེམ་རོའི་ཐོག་གི་ལྟེ་བའི་གཞི་རྒྱུ་ཚོགས་པའི་མ་དཔེ97བདེ་བླག་ངང་བསྡུ་ལེན་ཐུབ་པ་དང་། མ་དཔེའི་ཁེབས་ཚད་ནི་མདོ་དབུས་མཐོ་སྒང་གི་ས་རྒྱུས་ཁྱབ་ཁོངས་ཚང་མ་དང་བལྟོས་མེད་ལོ་རབས་བརྒལ་ཚད་ད་ལྟའི་བར་དུ་ལོ5100ནས100ཙམ་ཡོད་པས་རེད། འདི་ནི་ད་ལྟའི་བར་དུ་མདོ་དབུས་མཐོ་སྒང་ནས་སྤེལ་བའི་མ་དཔེ་བསྡུ་ལེན་གྱི་གཞི་རྒྱ་ཆེས་ཆེ་ཞིང་ས་ཁམས་ཁེབས་ཚད་ཀྱང་ཆེས་ཆེ་བའི་གནའ་བོའི་གཞི་རྒྱུ་ཚོགས་པའི་ཞིབ་འཇུག་ཅིག་རེད།
མདོ་དབུས་མཐོ་སྒང་བྱང་ཤར་རྒྱུད་ཀྱི་རྫོང་རི་གནའ་ཤུལ་ནས་ཐོན་པའི་ལོ4500ཡན་གྱི་མིའི་མགོ་རུས་དང་མ་མགལ།
ད་ལྟའི་མདོ་དབུས་མཐོ་སྒང་གི་རྒྱུན་སྡོད་མི་ནི་གཙོ་ཆེར་བོད་རིགས་ཡིན། ཞིབ་འཇུག་འདི་ཡིས་དེང་རབས་བོད་ལྗོངས་མིའི་དམིགས་བསལ་རྒྱུད་འདེད་གྲུབ་ཆ་ནི་ཉུང་མཐར་ཡང་ལོ5100ཡི་སྔོན་ནས་བཟུང་མདོ་དབུས་མཐོ་སྒང་གི་ས་ཁོངས་སོ་སོའི་གནའ་བོའི་མིའི་ཁྲོད་ན་ཡོད་པ་དང་། དེ་ལ་རྒྱུད་འདེད་ཀྱི་རྒྱུན་མཐུད་རང་བཞིན་ཧ་ཅང་ལེགས་པོ་ཞིག་ཡོད་ཚུལ་ཤེས་རྟོགས་བྱུང་ཞིང་། དེའི་ནང་དུ། ལོ5100ཡི་ལོ་རྒྱུས་ཡོད་པའི་རྫོང་རིའི་གནའ་ཤུལ་གྱི་མ་དཔེ་ནི་མིག་སྔར་རྙེད་པའི་མདོ་དབུས་མཐོ་སྒང་གི་དམིགས་བསལ་རྒྱུད་འདེད་གྲུབ་ཆ་འདུས་པའི་ཆེས་གནའ་བོའི་བེམ་རོ་ཡིན་པ་རེད།
ཞིབ་འཇུག་འདི་ཡིས་དམིགས་བསལ་རྒྱུད་འདེད་གྲུབ་ཆ་འདི་དག་གི་ཡོངས་ཁུངས་སྔར་ལས་ལྷག་པའི་སྒོ་ནས་གསལ་སྟོན་བྱས་ཡོད་པ་སྟེ། དེ་ཚོ་ནི་རྒྱུད་འདེད་གྲུབ་ཆ་མི་འདྲ་བ་གཉིས་མཉམ་བསྲེས་བྱས་པ་ལས་བྱུང་ཞིང་། དེའི་ནང་གི80%ཡི་རྒྱུད་འདེད་གྲུབ་ཆ་ནི་ཨེ་ཤ་ཡ་ཤར་མའི་བྱང་ཕྱོགས་ཀྱི་ལོ9500ནས4000སྔོན་གྱི་མི་ལ་འབྲེལ་བ་ཡོད་པ་དང་། 20%ཡི་རྒྱུད་འདེད་གྲུབ་ཆ་ནི་རྒྱུས་མེད་ཀྱི་གནའ་བོའི་མི་ཚོགས་ཤིག་ལས་བྱུང་བ་རེད། “དཔྱད་འབྲས་འདི་ཡིས་མདོ་དབུས་མཐོ་སྒང་གི་མིའི་གྲུབ་ཆ་གཙོ་བོ་ནི་ཕལ་ཆེར་རྡོ་ཆས་གསར་བའི་དུས་རབས་ཀྱི་ཨེ་ཤ་ཡ་ཤར་མའི་བྱང་ཕྱོགས་མི་ཚོགས་རྒྱ་བསྐྱེད་པ་དང་། དེ་ལས་བྱུང་བའི་མི་ཚོགས་གནས་སྤོ་དང་མཉམ་བསྲེས་ལ་འབྲེལ་བ་ཡོད་ཚུལ་གསལ་སྟོན་བྱས་ཡོད”ཅེས་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྥུ་ཆའོ་མེ་ཡིས་བཤད།
མདོ་དབུས་མཐོ་སྒང་ལྷོ་ནུབ་རྒྱུད་ཀྱི་གཞིས་ཀ་རྩེ་ས་ཁུལ་སྡིངས་ཆུང་གནའ་ཤུལ་ནས་ཐོན་པའི་མིའི་མགོ་རུས།
རྒྱུད་འདེད་དབྱེ་ཞིབ་ཞིབ་འཇུག་གིས་ད་དུང་བསྟན་དོན། ལོ2700ཡི་ཚུན་ལ། མདོ་དབུས་མཐོ་སྒང་ནང་ཁུལ་གྱི་ཡུལ་དུས་མི་འདྲ་བའི་གནའ་བོའི་མི་ཚོགས་ཀྱི་རྒྱུད་འདེད་གྲུབ་ཆར་འགྱུར་ལྡོག་ཧ་ཅང་ཆེ་ཞིང་། འགྱུར་ལྡོག་འདི་དག་ནི་གནས་འདིར་སྔར་ནས་ཡོད་པའི་ས་ཁོངས་རང་བཞིན་གྱི་ཆབ་སྲིད་ཚོགས་པ་དང་བོད་བཙན་པོ་རྒྱལ་རབས་ཀྱི་དར་རྒུད་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ཉེ་བའི་ལོ5000གི་ཚུན་ལ། མཐོ་སྒང་གི་གནའ་བོའི་མི་ཚོགས་ཁ་ཤས་དང་མཐོ་སྒང་ཕྱི་རོལ་གྱི་གནའ་བོའི་མི་ཚོགས་བར་དུ་འབྲེལ་བ་དམ་ཟབ་ཡོད་ཅིང་། དེའི་ནང་དུ་ཨེ་ཤ་ཡ་དབུས་མའི་ས་ཁུལ་དང་ཨེ་ཤ་ཡ་ཤར་མའི་ལྷོ་རྒྱུད་ཀྱི་གནའ་བོའི་མི་ཚོགས་བར་གྱི་འབྲེལ་འདྲིས་ཀྱང་འདུས་པ་རེད།
རྒྱུད་འདེད་རིག་པའི་བདེན་དཔང་འདི་དག་གིས་གསལ་སྟོན་བྱས་པའི་མཐོ་སྒང་ཕྱི་ནང་གི་མིའི་རྙོག་འཛིང་ཆེ་བའི་སྤེལ་རེས་ལོ་རྒྱུས་འདི་ནི་གནའ་རྫས་རྟོག་ཞིབ་ཀྱིས་དངོས་པོའི་རིག་གནས་ཀྱི་མཐོང་སྣེ་ནས་གསལ་བར་བྱས་པའི་ཧི་མ་ལ་ཡ་བརྒལ་བའི་སྤེལ་རེས་དང་མཐོ་སྒང་གི་དར་གོས་འགྲུལ་ལམ་གྱི་དོན་དངོས་ལའང་མཐུན་པ་རེད།