ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མཚོ་བོད་མཐོ་སྒང་ནས་གནའ་བོའི་ལོ་འདབ་ཀྱི་འགྱུར་རྡོ་རྙེད་པ།

སྤེལ་དུས 2023-11-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

          ཀྲུང་གོ་ཚན་རིག་ཁང་ཤིས་ཧྲོང་པན་ནཱ་ཚ་ཁུལ་རྩི་ཤིང་གླིང་གིས་ཚེས30ཉིན་གནས་ཚུལ་སྤེལ་བར་གཞིགས་ན། གླིང་དེའི་གནའ་བོའི་འབྱུང་ཁམས་ཞིབ་འཇུག་ཚོགས་ཆུང་གིས་མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་ཀྱི་ལྷ་རྩེ་རྫོང་གི་སྣེའུ་ཆུས་ཀྱི་གནའ་བོའི་རྩི་ཤིང་ཚོགས་པའི་ཁྲོད་ད་བར་གོ་ལ་ཧྲིལ་པོའི་ཆེས་སྔ་ཤོས་ཀྱི་ལུག་རྨིག་དབྱིབས་ཀ་པའི་འགྱུར་རྡོ་རྙེད་ནས་ལུག་རྨིག་དབྱིབས་ཀ་པའི་རྩི་ཤིང་གི་འབྱུང་ཁུངས་དང་དེའི་བརྒྱུད་སྤེལ་ལམ་ཐིག་ལ་དབྱེ་ཞིབ་བྱ་ཆེད་ཁུངས་སྣེ་གསར་པ་མཁོ་འདོན་བྱས་ཡོད།
          འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་གནའ་བོའི་སྐྱེ་དངོས་རིག་པའི་ཆེད་ཚན་དུས་དེབJournal of Systematic Palaeontologyཐོག་སྤེལ་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། ལུག་རྨིག་དབྱིབས་ཀ་པའི་རྩི་ཤིང་ཁོངས་སུ་ཁྱོན་ད་ཡོད་ཀྱི་སྐྱེ་དངོས་རིགས200ཙམ་ཡོད་པ་དེ་དག་གོ་ལ་ཧྲིལ་པོའི་ཚ་ཁུལ་ནས་ཚ་ཁུལ་ཕལ་བའི་ཁུལ་དུ་རྒྱ་ཁྱབ་ངང་ཁྱབ་པ་དང་སྐྱེད་ཚལ་མཛེས་ལྗོངས་རྣམ་པའི་རྩི་ཤིང་གལ་ཆེན་ཞིག་ཡིན། འོན་ཀྱང་འཛམ་གླིང་ཡོངས་སུ་ཁྱབ་ཅིང་གྲངས་འབོར་མང་བའི་ད་ཡོད་རིགས་ལ་ལྟོས་ནས་བཤད་ན། འགྱུར་རྡོའི་ཟིན་ཐོ་ནི་ལྟོས་བཅས་ཀྱིས་ཅུང་ཉུང་བ་དང་། ལྷག་པར་དུ་ལུག་རྨིག་ཀ་པའི་རིགས་ཀྱི་འཕེལ་འགྱུར་སྔ་མའི་འགྱུར་རྡོའི་ཟིན་ཐོ་ནི་དེ་བས་ཀྱང་དཀོན་པས། རིགས་ཚོགས་འདིའི་འཕེལ་འགྱུར་དང་སྐྱེ་དངོས་ས་ཁམས་ལོ་རྒྱུས་ནི་སྔར་བཞིན་གསལ་པོ་ཤེས་ཀྱི་མེད།
          ཉེ་དུས་ཀྲུང་གོ་ཚན་རིག་ཁང་ཤིས་ཧྲོང་པན་ནཱ་ཚ་ཁུལ་རྩི་ཤིང་གླིང་གི་གནའ་བོའི་འབྱུང་ཁམས་ཞིབ་འཇུག་ཚོགས་ཆུང་གིས་མཚོ་བོད་ས་མཐོའི་ལྷོ་རྒྱུད་དུ་ཡོད་པའི་ལྷ་རྩེ་རྫོང་གི་སྣེའུ་ཆུས་ཀྱི་གནའ་རྙིང་དུས་རབས་གསར་པའི(ཧ་ལམ56Ma། Maནི་ལོ་ཁྲི་བརྒྱ་ཡིན)རྩི་ཤིང་ཚོགས་པའི་ནང་ལུག་རྨིག་ཀ་པའི་རིགས་ཀྱི་ཁོངས་སུ་གཏོགས་པའི་ལོ་འདབ་ཀྱི་འགྱུར་རྡོ་མང་པོ་རྙེད་ཡོད། དབྱིབས་རྩིས་ཀྱི་རྣམ་པའི་ཚད་འཇལ་རིག་པ་དང་ལོ་མའི་ཆགས་ཚུལ་གྱི་ཁྱད་ཆོས་གཉིས་བསྡུར་ནས། ཤེས་རྟོགས་བྱུང་བའི་ལོ་འདབ་ཀྱི་འགྱུར་རྡོ་ལ་འགྱུར་རྡོ་གསར་པ་ཞིག་གི་མིང་སྟེ་བོད་ལྗོངས་ཀྱི་ལུག་རྨིག་ཀ་པ་ཞེས་བཏགས། འདི་ནི་ད་བར་ཤེས་རྟོགས་བྱུང་བའི་གོ་ལ་ཧྲིལ་པོའི་ཆེས་སྔ་བའི་ལུག་རྨིག་ཀ་པའི་རིགས་ཀྱི་འགྱུར་རྡོ་ཡིན་པ་རེད།
          ཞིབ་འཇུག་བྱས་འབྲས་ལས་མངོན་པར། ལུག་རྨིག་རིགས་ཁ་གྱེས་པའི་དུས་ཚོད་ནི59.7Maཡིན་པ་དང་། དེ་རྗེས་ཨ་ཤེ་ཡའི་ཡན་ལག་ཚན་ཁག་དང་གླིང་ཆེན་ཨ་མེ་རི་ཁའི་ཡན་ལག་ཚན་ཁག་གཉིས་སུ་གྱེས་ཡོད། ལུག་རྨིག་ཀ་པའི་རིགས་ཀྱི་མེས་པོའི་ཁྱབ་ཁུལ་ནི་ཨ་ཧྥེ་རི་ཁ་རུ་ཡོད་པ་དང་། རྗེས་སུ་ཕལ་ཆེར་ཨ་ཤེ་ཡ་དང་ཨ་མེ་རི་ཁའི་གླིང་དུ་ཁྱབ་པ་ཞིག་ཡིན་པ་རེད།
          ཞིབ་འཇུག་གིས་དཔེ་དབྱིབས་ལད་ཟློས་དང་། འགྱུར་རྡོའི་དཔང་རྟགས། དེ་བཞིན་གནའ་བོའི་ས་ཁམས་དཔེ་དབྱིབས་བཅས་དང་ཟུང་འབྲེལ་བྱས་ནས་ལུག་རྨིག་ཀ་པའི་རིགས་ནི་ཨ་ཧྥེ་རི་ཁ་ནས་བྱུང་བ་དང་། རྗེས་སུ་ཕལ་ཆེར་ལམ་ཐིག་གཉིས་སུ་མཆེད་པའི་བསམ་ཚུལ་བཏོན། ལམ་ཐིག་དང་པོ་ནི་གནའ་བོའི་དུས་རབས་གསར་པའི་རིང་ཁོ་ཤིས་སི་ཐན-ལ་ཏ་ཁེ་གླིང་ཕྲན་བརྒྱུད་མཚོ་བོད་ས་མཐོའི་ལྷོ་རྒྱུད་དུ་ཁྱབ་པ་དང་། ས་གཞི་ཆགས་རིམ་གསུམ་པའི་སྐབས་སུ་ཀྲུང་གོའི་ཤར་ལྷོའི་རྒྱུད་དུ་ཁྱབ་སྤེལ་བྱུང་བ་དང་། གསར་སྐྱེས་དུས་རབས་ཀྱི་རབས་གཉིས་པ་ནས་རྒྱ་གར་གྱི་བྱང་ཕྱོགས་སུ་ཁྱབ་སྤེལ་བྱུང་བ་ལས་འཕྱི་བ་མེད། ལམ་ཐིག་གཉིས་པ་ནི་ས་གཞི་ཆགས་རིམ་གསུམ་པའི་རྗེས་ནས་ནུབ་རྒྱ་མཚོ་ཆེན་མོ་བྱང་མའི་ལམ་ཟམ་བརྒྱུད་ཨ་མེ་རི་ཁའི་གླིང་དུ་ཁྱབ་སྤེལ་བྱུང་ཡོད་པ་རེད།
          ཞིབ་འཇུག་དེས་མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་དེ་རྒྱ་གར་དང་མཚོ་བོད་ས་མཐོའི་རྩི་ཤིང་གི་ཁུལ་ཚན་དབར་སྤེལ་རེས་བྱེད་པའི་ལམ་བུར་དཔང་རྟགས་གསར་པ་མཁོ་འདོན་བྱས་ཡོད་པ་དང་། མཚོ་བོད་མཐོ་སྒང་ནི་གནའ་བོའི་དུས་རབས་ཀྱི་གོ་ལ་ཧྲིལ་པོའི་རྩི་ཤིང་ཁུལ་ཚན་དབར་སྤེལ་རེས་བྱེད་པའི་བཞི་མདོ་ཁ་ཡིན་པ་སླར་ཡང་ར་སྤྲོད་ནུས་ལྡན་བྱས་ཡོད། དེ་མིན་ད་དུང་རྒྱ་གར་གྱི་བྲག་ལེབ་དང་ཡོ་རོབ་དང་ཨ་ཤེ་ཡའི་བྲག་ལེབ་གདོང་ཐུག་རྒྱབ་པའི་སྔ་དུས་སུ་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་གྱི་དྲོ་ཞིང་བརླན་གཤེར་ཆེ་བའི་དམའ་སའི་ཁོར་ཡུག་ལ་དཔང་རྟགས་གསར་པ་ཁ་སྣོན་བརྒྱབ་ཡོད།

རྩོམ་སྒྲིག་པ། ལྷ་འབྲུག