ཞི་ཅིན་ཕིང་གིས་ཅི་ཧྲི་ཧྲན་རྫོང་གི་ས་ཡོམ་ཐད་མཛུབ་སྟོན་གནང་།
སྤེལ་དུས 2023-12-19
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།
རྩོམ་པ་པོ།
ཞི་ཅིན་ཕིང་གིས་ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བྱུང་བར་མཛུབ་སྟོན་གལ་ཆེན་གནང་དོན། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་གང་ནུས་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།
ཟླ12པའི་ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59ཐོག་ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བྱུང་བ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཡིན་པ་རེད། མིག་སྔའི་བར་ས་ཡོམ་ཁྲོད་ཀན་སུའུ་ཡི་མི100དང་མཚོ་སྔོན་གྱི་མི11རྐྱེན་ལམ་དུ་ཤོར་བ་མ་ཟད།ཆུ་དང་གློག འགྲིམ་འགྲུལ།འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལ་གཏོར་སྐྱོན་ཐེབས་འདུག ས་ཡོམ་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་ནས། ཀན་སུའུ་ཀ་ཇུ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བས། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གང་ཐུབ་གཏོང་དགོས་པ་དང་། གནོད་འཚེ་ཐེབས་ཁུལ་དེ་ས་བབ་མཐོ་བའི་ས་ཁོངས་སུ་གནས་པ་དང་གནམ་གཤིས་གྲང་མོ་ཡོད་པས་ས་ཡོམ་གྱི་གནས་ཚུལ་དང་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱས་ནས། ཞོར་ཐོན་གནོད་འཚེ་འབྱུང་བར་དོགས་ཟོན་བྱེད་དགོས། མྱུར་སྐྱོབ་རོགས་སྐྱོབ་དངོས་ཟོག་གང་མགྱོགས་ཀྱིས་རྩ་འཛུགས་དང་གཏོང་སྤྲོད་བྱེད་པ་དང་། གཏོར་སྐྱོན་ཐེབས་པའི་གློག་ཤུགས་དང་འཕྲིན་གཏོང་།འགྲིམ་འགྲུལ།དྲོད་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཞིག་གསོ་བྱེད་པ།གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ།མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ་བཅས་ཀྱི་ཁར་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོ་སྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱ་བའི་ཚན་ཆུང་གནོད་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཏེ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ཀྱི་ཉེན་སེལ་གེགས་སེལ་བྱ་བར་གཞོགས་འདེགས་ཧུར་ཐག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཛུབ་སྟོན་གནང་དོན། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གནོད་ཐེབས་མང་ཚོགས་འཚོལ་སྐྱོབ་བྱེད་པར་མ་ཟད་རྨས་མ་སྐྱོབ་བཅོས་བྱས་ཏེ། རྨས་མ་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། མིག་སྔར་ནི་དགུན་ཁའི་དུས་ཚིགས་ཡིན་པས། མགྱོགས་མྱུར་སྒོས་གནོད་ཐེབས་གནས་ཚུལ་ཞིབ་བཤེར་བྱེད་པ་དང་། གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་གྱིས་ཞིག་གསོ་བྱེད་པ། གནོད་ཐེབས་མང་ཚོགས་གནས་སྤོ་བདེ་འགོག་བྱ་བ་ལེགས་པོར་སྒྲུབ་པ། དུས་ཐོག་ཏུ་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་བཅས་ཀྱིས། གནོད་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས། གནོད་འཚེ་སྣ་ཚོགས་བསྐྱར་དུ་འབྱུང་བར་འགོག་ཟོན་བྱེད་པ་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་འགན་སྲུང་བྱེད་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱ་བའི་ཚན་ཆུང་གནོད་ཁུལ་དུ་མངགས་ནས་མྱུར་སྐྱོབ་བཀོད་སྒྲིག་སོགས་ཀྱི་བྱ་བར་མཛུབ་སྟོན་བྱས། ཀན་སུའུ་དང་མཚོ་སྔོན་གྱིས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ཀྱི་བྱ་བ་སྤེལ་བར་མ་ཟད། སྦྲ་གུར་དང་མལ་ཁྲི། མལ་ཐུལ་སོགས་རྒུད་སྐྱོབ་དངོས་ཟོག་གནོད་ཁུལ་དུ་སྐྱེལ་འདྲེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ལ་སྐྱོབ་རོགས་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས། མིག་སྔར་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་བྲེལ་མྱུར་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་སྒང་རེད།
རྩོམ་སྒྲིག་པ། རིག་གྲོལ།