ཟླ་7ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཟླ་བ་གཉིས་ཀྱི་གོང་དུ། ངས་གྲུབ་འབྲས་ཐོབ་པའི་ངང་ཧང་ག་རིར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་ཚོས་ཀྲུང་ཧང་འབྲེལ་བ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས། འདི་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་ལོ་རྒྱུས་ཀྱི་དོན་སྙིང་གསར་པ་བསྣན་པ་མ་ཟད། ཀྲུང་ཧང་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོའང་བསྣན་ཡོད། གཟའ་འཁོར་རྗེས་མར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོག་རྒྱུ་དང་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་རེད། དེས་ཀྲུང་ཧང་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་དང་སྒུལ་ནུས་གསར་པ་བསྣན་རྒྱུ་རེད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ། འཐབ་ཇུས་ཀྱི་འབྲེལ་གཏུག་མཉམ་ལས་ཟབ་ཏུ་གཏོང་བ། མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཀྲུང་ཧང་གི་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་རྒྱུན་མཐུད་གཏོང་བ་བཅས་བྱས་ཏེ་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་དགོས།
ཞི་ཅིན་ཕིང་གིས་ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་ཡོའི་དབར་ས་འབྲེལ་ཆབ་སྲིད་ཀྱི་འགལ་ཟླ་མེད་ལ། རྩ་བའི་ཁེ་ཕན་གྱི་གདོང་ཐུག་ཀྱང་མེད། ཀྲུང་ཡོའི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པས། སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས། སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་རོགས་ཟླའི་ངེས་གནས་ཡང་དག་དང་མཉམ་ལས་གཙོ་རྒྱུན་གྱི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཉིས་སུ་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་དགོས། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཧང་ག་རི་ཕྱོགས་ཀྱིས་ཀྲུང་ཡོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་བ་དང་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་པར་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
ཨོར་པན་གྱིས། ཟླ་བ་གཉིས་ཀྱི་གོང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་འཚམས་འདྲི་གནང་ཡོད། ཟླ་བ་གཉིས་རིང་། ཕྱོགས་གཉིས་པོས་ཐེངས་དེའི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་དང་མཛའ་གཅུགས་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་དེ་བས་བརྟན་དུ་བཏང་ནས་ཧང་ཀྲུང་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔའི་ཡོ་ལང་དང་བརྟན་ལྷིང་མེད་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོས་ཞི་བདེར་དགའ་ཞེན་བྱེད་པ་མ་ཟད། དགེ་མཚན་ལྡན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་གོ་ནི་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་བརྟན་པོ་དང་གལ་ཆེན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ནུས་པ་དང་ཤུགས་རྐྱེན་ལ་ཚད་མཐོའི་བསྔགས་བརྗོད་དང་མཐོང་ཆེན་བྱེད་པ་དང་ཀྲུང་གོ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་འཛིན་པ་མ་ཟད། “ཤོག་ཁག་ཆུང་ངུ”དང་དཔུང་ཚོགས་འགྲན་རྒོལ་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བ་གོ་སྐབས་སུ་བྱས་ནས་ཡོ་ཀྲུང་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་ཐད་གཙོ་གནད་ཐོག་འབྲེལ་གཏུག་གཏིང་ཟབ་བྱས་ཤིང་། ཨོར་པན་གྱིས་ཉེ་ཆར་ཡུག་རེན་དང་ཨུ་རུ་སུར་འཚམས་འདྲི་བྱས་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཞི་ཅིན་ཕིང་གིས་ཨོར་པན་གྱིས་ཆབ་སྲིད་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་གནང་བར་བསྔགས་བརྗོད་གནང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལྟ་སྟངས་དང་འདོད་ཚུལ་ཡང་ཞིབ་ཕྲ་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་འཁྲུག་སྔ་ཙམ་མཚམས་བཞག་སྟེ་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུ་དེ་ཕྱོགས་ཁག་གི་ཁེ་ཕན་དང་མཐུན་ཡོད། མིག་སྔའི་གཙོ་གནད་ནི“གཡུལ་ས་རྒྱ་མི་སྐྱེད་པ་དང་། དམག་འཁྲུག་རིམ་པ་མི་སྤོར་བ། ཕྱོགས་ཁག་གིས་ངན་སྐུལ་མི་བྱེད་པ”བཅས་རྩ་དོན་གསུམ་ལ་བརྩི་སྲུང་ཞུས་ནས་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གཉིས་པོས་ཐད་ཀའི་གླེང་མོལ་དང་གྲོས་མོལ་སླར་གསོ་བྱ་རྒྱུར་ཆ་རྐྱེན་སྐྲུན་པ་དང་རོགས་རམ་བྱེད་དགོས། རྒྱལ་ཁབ་ཆེན་པོ་ཡོད་དོ་ཅོག་གིས་དྲང་ནུས་འདོན་པ་ལས་ལྡོག་ནུས་མི་འདོན་ཚེ། གཞི་ནས་དམག་མཚམས་འཇོག་རྒྱུའི་སྐྱ་མདའ་སྔ་ཙམ་གཏོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱེད་ཐབས་ནས་བར་འདུམ་མཐུན་འཇུག་ཧུར་ཐག་བྱེད་པ་མ་ཟད། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་ཧང་གི་གཞི་རྩའི་འདོད་ཚུལ་དང་འབད་བརྩོན་གྱི་ཁ་ཕྱོགས་གཅིག་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་དང་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཡོད།