ཟླ་7ཚེས་9ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“དཔེ་བཟང་འཕུར་མདེལ་མེ་སྒྱོགས་ལེན་ཤོག”གི་གཟི་བརྗིད་མཚན་སྙན་ཐོབ་པའི་སྐམ་དམག་ལུའེ་ཤོག་ཅིག་གི་ཡིང་ཤོག་དང་པོའི་ལེན་ཤོག་གཉིས་པར་གཟེངས་བསྟོད་དར་ཆ་གནང་བ་དང་འབྲེལ་ལེན་ཤོག་དེའི་དཔོན་དམག་གི་འཐུས་མི་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་97འཁོར་བའི་སྐབས་ཏེ་ཚེས་9ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་པའི་ཚན་པར་གཟེངས་བསྟོད་དར་ཆ་གནང་བ་རེད།
བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་གྱི་མཛད་སྒོ་འཚོག་ཡུལ་དུ། དཔུང་སྡེའི་དཔོན་དམག་དང་ཞི་དཔོན་གྱི་ལས་འགན་འཁུར་མཁན་གྱི་འཐུས་མིས་རུ་སྟར་འགྲིག་པོ་བསྒྲིགས་པ་དང་རྣམ་པ་སྒམ་བརླིང་ལྡན་ལ་སྤྲོ་བས་ཁེངས། ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཡོལ་ཙམ་ལ། གུས་དམག་18གོམ་སྟབས་འགྲིག་པོས་ཚོགས་རར་འཛུལ་ཡོང་བ་དང་མེ་མདའ་འཁྱེར་ནས་གཞོགས་གཡས་གཡོན་གཉིས་སུ་ཀྲོང་ངེར་ལངས་རྗེས་མཚན་སྙན་སྤྲོད་པའི་མཛད་སྒོ་འགོ་ཚུགས་ཤིང་། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་མཚན་སྙན་སྤྲོད་པའི་ཀྲུང་དབྱང་དམག་ཨུད་ཀྱི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
《མི་དམངས་དམག་དཔུང་གིས་ཏང་ལ་ལྷག་བསམ་རྣམ་དག་བྱེད》ཅེས་པའི་སྙན་འཇེབས་ལྡན་ལ་ཤུགས་གྲགས་ཆེ་བའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་གིས“དཔེ་བཟང་འཕུར་མདེལ་མེ་སྒྱོགས་དམག་གི་ལེན་ཤོག”གི་གཟི་བརྗིད་མཚན་སྙན་ཐོབ་པའི་སྐམ་དམག་ལུའེ་ཤོག་ཅིག་གི་ཡིང་ཤོག་དང་པོའི་ལེན་ཤོག་གཉིས་པར་གཟེངས་བསྟོད་དར་ཆ་གནང་བ་དང་། ལེན་ཤོག་གི་དཔོན་དམག་གི་འཐུས་མིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་རྗེས་གཟབ་ནན་ངང་གཟེངས་བསྟོད་དར་ཆ་བླངས་པ། ཞི་ཅིན་ཕིང་གིས་ཁོང་ཚོར་བྱམས་བརྩེའི་ངང་རྟེན་འབྲེལ་ཞུས་པ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ། སྐབས་དེར་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
མཚན་སྙན་སྤྲོད་པའི་མཛད་སྒོ་སྐད་གསང་མཐོན་པོའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།
ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། དམག་ཨུད་ཀྱིས་གཟི་བརྗིད་མཚན་སྙན་སྤྲད་པའི་ཚན་པའི་འཐུས་མི་སོགས་མཚན་སྙན་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།