ཟླ་8ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་སུའུ་ལིན་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སླར་ཡང་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཁྱེད་རང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་ཀྱི་འཚམས་འདྲི་ཐོག་མ་དེ་ཀྲུང་གོར་གནང་བར་ཕེབས་པའི་ཐོག་ནས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད་ལ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་འཐབ་ཇུས་རང་བཞིན་ཡང་མཚོན་ཡོད། ཐུན་མོང་གི་ཕུགས་བསམ་དད་སེམས་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གསར་བརྗེའི་གཞི་རྒྱུ་ཡིན་པས། “ཝེ་ཐེ་ནམ་དང་ཀྲུང་གོའི་བརྩེ་བ་ཟབ་པ་དང་བློ་མཐུན་ཡིན་ལ་གྲོགས་པོ་ཡང་ཡིན་པའི”སྲོལ་རྒྱུན་མཛའ་བཤེས་འདུས་ཡོད། དེང་སྐབས་འཛམ་གླིང་ཐོག་སྲིད་འཛིན་མཁན་གྱི་གུང་ཁྲན་ཏང་གཉིས་ཡིན་པའི་ངོས་ནས། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱིས་མཛའ་གྲོགས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་། སྲོལ་རྒྱུན་གྱི་མཛའ་བཤེས་རྒྱུན་མཐུད། ཐུན་མོང་གི་ལས་འགན་བློ་ལ་བརྟན་པོར་ངེས་པ། གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་ཐོག འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ང་རང་ནས་བློ་མཐུན་སུའུ་ལིན་དབར་ལས་ཀའི་འབྲེལ་བ་བཟང་པོ་དང་མི་སྒེར་གྱི་མཛའ་བཤེས་བཟང་པོ་བཙུགས་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་གཏིང་ཇེ་ཟབ་དང་དངོས་སྒྲུབ་ཡོང་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། དེའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གསོན་ཤུགས་མངོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ཐེ་ནམ་དེ་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་བསམ་བློ་གཏོང་བའི་ཁ་ཕྱོགས་སུ་བརྩིས་ཐོག ཝེ་ཐེ་ནམ་གྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་གསར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རང་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་འགག་རྩའི་དུས་སྐབས་སུ། ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁ་ཕྱོགས་ལ་དམ་པོར་གཞིགས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་བ་དང་། བདེ་འཇགས་མཉམ་ལས་སྔར་བས་དངོས་ཡོད། དངོས་གཉེར་མཉམ་ལས་སྔར་བས་གཏིང་ཟབ། དམངས་འདོད་རྨང་གཞི་སྔར་བས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་སྔར་བས་དམ་ཟབ། ཕྱོགས་འགལ་དོ་དམ་ཚོད་འཛིན་དང་ཐག་གཅོད་སྔར་བས་ཡག་པ་བཅས“སྔར་བས་དྲུག”གི་འཕེལ་རྒྱས་ཀྱི་རྣམ་པ་བརྟན་དུ་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཐོག ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་སྐོར་གཅིག”གི་སྒྲོམ་གཞིའི་འབྲེལ་མཐུད་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གྲོས་བསྡུར་ཧུར་ཐག་བྱེད་པ། ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ། འགག་སྒོ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་མཉམ་འབྲེལ་མཉམ་མཐུད”ལ་སྐུལ་འདེད་མགྱོགས་སུ་གཏོང་བ། རིག་ནུས་འགག་སྒོའི“མཉེན་ཆས་མཉམ་འབྲེལ་མཉམ་མཐུད”ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། བདེ་འཇགས་དང་བརྟན་ལྷིང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་དུ་གཏོད་འདོད་ཡོད། དུས་སང་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ནས། “ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལོ”སོགས་བྱེད་སྒོ་རབ་དང་རིམ་པ་ཐུན་མོང་ཐོག་གཉེར་ནས། རྒྱལ་ཁབ་གཉིས་པོའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དེས་ཝེ་ཐེ་ནམ་ཚུད་པའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དབར་ཏང་སྐྱོང་རྒྱལ་སྐྱོང་དང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་བཏང་ནས། ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་འདོད་ཡོད་ཅེས་ནན་སྟོན་གནང་འདུག
སུའུ་ལིན་གྱིས། ང་རང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་འཚམས་འདྲིར་ཐེངས་དང་པོ་བསྐྱོད་ས་དེ་ཀྲུང་གོ་ཡིན། དེའི་ཐོག་ནས་ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་དབར་གྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་པའི་ལངས་ཕྱོགས་གང་ལེགས་མཚོན་ཡོད། སླད་ཕྱིན་ཀྲུང་གོ་དེ་ཉིད་ཝེ་ཐེ་ནམ་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ཁ་དང་གལ་འགངས་ཆེ་ཤོས་སུ་འཇོག་རྒྱུ་ཡིན། ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་གིས་མུ་མཐུད་ནས་བློ་མཐུན་རོན་ཧྥུ་ཀྲུང་གི་མཛད་པའི་རྒྱུན་བསྐྱངས་ནས། གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་ཅིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་ཚོ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་ཐོག་གཏན་འཁེལ་གནང་བའི་བགྲོད་ལམ་ཐོག་མདུན་སྐྱོད་བྱེད་པ། “སྔར་བས་དྲུག”གི་སྤྱིའི་དམིགས་འབེན་གཞིར་བཟུང་། ཝེ་ཐེ་ནམ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་ལ་འཁེལ་བའི་བསྒྱུར་བཅོས་ཀྱི་ལས་འགན་ཚང་མ་ལེགས་སྒྲུབ་གང་ལེགས་བྱས་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་པས། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ། དེ་བཞིན་མིའི་རིགས་ཡོངས་ཀྱི་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཝེ་ཐེ་ནམ་ཕྱོགས་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཐུགས་གྲ་ལེགས་འགྲིག་ངང་ཚོགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྐུལ་འདེད་གཏོང་བའི་དུས་རབས་གསར་པ་ཞིག་གི་སྒོ་མོ་འབྱེད་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་ངེས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱིན་ཡོད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་པ་དང་། རྣམ་པ་མཐའ་དག་གི“ཐའེ་ཝན་རང་བཙན”ཟེར་བའི་ཁ་ཕྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཀྲུང་གོས་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོང་བར་བྱེད་པའི་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཤང་ཀང་དང་། ཤིན་ཅང་། བོད་ལྗོངས་བཅས་ཚང་མ་ཀྲུང་གོའི་ནང་ཁུལ་གྱི་བྱ་དོན་ཡིན་པས། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ཝེ་ཐེ་ནམ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་དབར་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྐྱོང་རྒྱལ་སྐྱོང་དང་སྲིད་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་བྱེད་པ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་རྒྱལ་སྲུང་བདེ་འཇགས་དང་། དཔལ་འབྱོར་ཉོ་ཚོང་དང་མ་འཇོག རྒྱལ་མཚམས་སྒྲོལ་བའི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་བྱེད་འདོད་ཡོད། སང་ལོའི“ཝེ་ཐེ་ནམ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཐུན་མོང་ཐོག་ཡག་པོ་གཉེར་བ་དང་། གཞོན་ནུ་དང་ས་གནས་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་དབར་མཚོ་ཐོག་གི་ཕྱོགས་འགལ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དང་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་དབར་ཕྱོགས་མང་རྒྱལ་སྤྱིའི་རོགས་ལས་དམ་ཟབ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱས་ཐོག འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད།
མཇལ་མོལ་གནང་མཇུག་འགྲིལ་རྗེས། ཕྱོགས་གཉིས་པོས་ཏང་གི་སློབ་གྲྭ་དང་། མཉམ་སྦྲེལ་མཉམ་མཐུད། བཟོ་ལས། དངུལ་རྩ། འགག་སྒོའི་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར། འཕྲོད་བསྟེན། གསར་འགྱུར་ལས་ཁུངས་དང་སྨྱན་སྦྱོར། ས་གནས། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་འགོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།
མིང་རྟགས་འགོད་པའི་མཛད་སྒོའི་རྗེས། ཞི་ཅིན་ཕིང་དང་སུའུ་ལིན་དབར་ཁྱབ་ཁོངས་ཆུང་ངུའི་ཇ་མོལ་གནང་བ་དང་། མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཐུན་མོང་ཐོག་དོ་ཁུར་གནང་བཞིན་པའི་གནད་དོན་གལ་ཆེ་རིགས་ཐད་མུ་མཐུད་སྤེལ་རེས་གཏིང་ཟབ་གནང་ཡོད།
མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ཐོག་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལི་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།
སུའུ་ལིན་ཕེབས་འབྱོར་ཟིན་སྐབས། གུས་ལུགས་དམག་གིས་རུ་སྟར་སྒྲིག་ནས་གུས་འདུད་ཞུས་ཡོད། ཞི་ཅིན་ཕིང་དང་སུའུ་ལིན་རྣམ་གཉིས་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ། གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་ཡོད། སུའུ་ལིན་གྱིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད།
ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་སུའུ་ལིན་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།
སུའུ་ལིན་ནས་ཀྲུང་གོར་འཚམས་འདྲིར་གནང་རིང་། ཕྱོགས་གཉིས་པོས《ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་རྒྱུ་ཡིན་པ་རེད།