ཀྲུང་གུང་ཀྲུང་དབྱང་གིས་ཚེས་22ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས། བློ་མཐུན་ཏེང་ཞའོ་ཕིང་སྐུ་བལྟམས་ནས་ལོ་ངོ་120འཁོར་བར་དྲན་གསོ་ཞུས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། བློ་མཐུན་ཏེང་ཞའོ་ཕིང་ནི་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་ཞུ་བའི་བླ་མེད་སྙན་གྲགས་ལྡན་པའི་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཏང་གི་མི་རབས་གཉིས་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གསར་གཏོད་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་པ་གཙོ་བོ། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་རླབས་ཆེན་གྱི་རྒྱལ་སྤྱི་རིང་ལུགས་པ་བཅས་ཡིན། ཁོང་གིས་ཏང་དང་མི་དམངས། རྒྱལ་ཁབ། མི་རིགས། འཛམ་གླིང་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་གནང་བས། ཁོང་གི་མཛད་རྗེས་ལོ་རྒྱུས་དེབ་ཐེར་དུ་འཁོད་ཡོད་ཅིང་། ཁོང་གི་མཛད་རྗེས་ཀྱིས་མི་རབས་རྗེས་མར་ནམ་ཡང་སྐུལ་མ་ཐེབས་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། བློ་མཐུན་ཏེང་ཞའོ་ཕིང་གི་སྐུ་ཚེ་ཧྲིལ་པོ་ནི་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོ་དང་། འཐབ་རྩོད་ཀྱི་སྐུ་ཚེ་ཧྲིལ་པོ། རླབས་ཆེ་བའི་སྐུ་ཚེ་ཧྲིལ་པོ་བཅས་ཡིན། ཁོང་ནས་ཏང་གིས་འགོ་ཁྲིད་པའི་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་བྱ་གཞག་དང་ཀྲུང་གོ་གསར་པ་འཛུགས་པའི་ཆེད་དུ་མཛད་རྗེས་གཟེངས་སུ་ཐོན་པ་བཞག་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆེད་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཡོད། “རིག་གནས་གསར་བརྗེ་ཆེན་པོ”མཇུག་བསྒྲིལ་རྗེས། ཏང་གི་མི་རབས་གཉིས་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས། ཁོང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཕྱོགས་བསྒྱུར་རླབས་པོ་ཆེ་མངོན་འགྱུར་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་ཡོང་ཆེད་སྐུལ་འདེད་བཏང་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་པ་དང་། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བའི་ཐབས་ལམ་ཡང་དག་པ་གཏན་འཁེལ་གནང་བ། བློ་བརྟན་འགྱུར་མེད་ངང་འོད་སྟོང་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་བརྟན་སྲུང་གནང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལེགས་གྲུབ་ལྡན་པའི་སྒོ་ནས་གསར་གཏོད་གནང་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཏེང་ཞའོ་ཕིང་གི་ལོ་རྒྱུས་མཛད་རྗེས་ནི་ཆ་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། ཀྲུང་གོ་དང་འཛམ་གླིང་ལ་ གཏིང་ཟབ་ཅིང་ཡུན་རིང་བའི་ཤུགས་རྐྱེན་ཐེབས་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོའི་འབད་འཐབ་ལོ་རྒྱུས་ཀྱི་ཐོག་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་ཧ་ཅང་བརྟན་པའི་བླ་ན་མེད་པའི་གཤིས་རྒྱུད་དང་། མི་དམངས་ལ་དགའ་ཞེན་ཚད་མེད་གནང་བའི་རླབས་ཆེན་གྱི་བརྩེ་སེམས། ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་གནང་བའི་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད། རྒྱུན་ཆད་མེད་པར་གསར་འབྱེད་གསར་གཏོད་གནང་བའི་ཆབ་སྲིད་ཀྱི་སྙིང་སྟོབས། གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་དགོངས་བཞེས། སྒེར་སེམས་མེད་པའི་བློ་བག་ཡངས་པོ་བཅས་གང་ལེགས་མངོན་ཡོད། ཁོང་གི་རླབས་ཆེ་བའི་ལོ་རྒྱུས་ཀྱི་མཛད་རྗེས་རྣམས་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་ཡོད་པ་དང་། ཁོང་གི་བླ་ན་མེད་པའི་གསར་བརྗེའི་གཤིས་སྤྱོད་ལ་ང་ཚོས་ནམ་ཡང་དད་གུས་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཏེང་ཞའོ་ཕིང་གིས་ང་ཚོར་བཞག་པའི་བསམ་བློའི་རྒྱུ་ནོར་གལ་ཆེ་ཤོས་ནི་ཁོང་གིས་གཙོ་བོ་གནང་ནས་གསར་དུ་བཏོད་པའི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཡིན། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ངེས་པར་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་མུ་མཐུད་སློབ་སྦྱོང་དང་བཀོལ་སྤྱོད་གཏིང་ཟབ་བྱེད་པ་དང་། དེའི་ཚན་རིག་གི་ནང་དོན་དང་ལྟེ་བའི་དོན་སྙིང་ཆ་ཚང་ཞིང་ཡང་དག་པའི་ངང་ཁོང་དུ་ཆུད་པར་བྱེད་པ། བློ་མཐུན་ཏེང་ཞའོ་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གཞིགས་ནས་བཏོན་པའི་ཆོད་སྡོམ་གལ་ཆེན་དང་གཞི་རྩའི་གཟིགས་ཚུལ། ཡང་དག་པའི་དགོངས་ཚུལ་བཅས་མཐའ་འཁྱོངས་བྱ་དགོས་ལ། རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་པའི་གནས་ཚུལ་ལ་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་དང་ངོ་བོ་ཡང་དག་པར་ཁོང་དུ་ཆུད་མཁས་པོ་བྱས་ཐོག དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། བདེན་དོན་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མེད་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པར་ཕྱོགས་འཛོལ་མེད་པ་ཡང་བྱ་དགོས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་འདི་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་འདི་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བཅས་བྱས་ཐོག མིའི་རིགས་སྤྱི་ཚོགས་ཀྱི་ཕུལ་དུ་བྱུང་བའི་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱེད་མཁས་པོ་བྱེད་པ་དང་། མུ་མཐུད་དུ་བདེན་དོན་འཚོལ་ཞིབ་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་དངོས་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་གཏིང་ཟབ་རྒྱག་པ། མུ་མཐུད་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱིས་དེ་བས་འོད་སྟོང་འབར་བའི་བདེན་དོན་གྱི་འོད་སྣང་འཚེར་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཏེང་ཞའོ་ཕིང་ལ་དྲན་གསོ་ཡག་ཤོས་ཞུ་བ་ནི་ཁོང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་དུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་འདིར་དམ་པོར་དམིགས་ཐོག སྔ་འཛིན་ཕྱི་གཏོད་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱ་དགོས། དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཐོག སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་ཟམ་མི་ཆད་པར་འདོན་སྤྲོད་བྱ་དགོས། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལས་འགན་ཨང་དང་པོ་དེར་དམ་འཛིན་བྱས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱ་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་བཏང་ཐོག ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་དང་། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རིམ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱ་དགོས། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཅན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་སྐྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྒོ་དབྱེ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱས་ཏེ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། ཏང་གི་རྣམ་པ་ནམ་ཡང་མི་འགྱུར་བ། ཏང་གི་རང་གཤིས་ནམ་ཡང་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ནི་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིང་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཚོའི་ཐུགས་འདུན་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོའི་ཐུན་མོང་གི་བསམ་འདུན་རེད་ལ། ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་ཀྱང་རེད། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་དེ་ཁྱོན་ཡོངས་ཡང་དག་དང་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་སྔར་ལས་ལྷག་པའི་སྒོ་ནས་ཞུགས་རྒྱུ་དང་གོང་འཕེལ་དེ་བས་ལེགས་པ་ཡོང་བ་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས། ང་ཚོས་དུས་རབས་གསར་པར་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་འགྱུར་མེད་སྟོབས་ཤུགས་ཤིག་རེད། ང་ཚོས་སྔ་ཕྱི་བར་གསུམ་དུ་ཞི་བདེ་དང་གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་བསྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཚའེ་ཆི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཏེང་ཞའོ་ཕིང་གི་འོད་སྟོང་འབར་བ་དང་འཐབ་རྩོད། རླབས་ཆེ་བ་བཅས་ཀྱི་སྐུ་ཚེ་ཧྲིལ་པོར་དུང་བ་ཟབ་མོས་ཕྱིར་དྲན་གནང་བ་དང་། བློ་མཐུན་ཏེང་ཞའོ་ཕིང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་ནས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཏོད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཏོད་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཏོད་པ་བཅས་ཀྱི་རླབས་ཆེ་བའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་གདེང་འཇོག་ཆེན་པོ་གནང་ཞིང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་མུ་མཐུད་ནས་སློབ་སྦྱོང་དང་བཀོལ་སྤྱོད་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཏེང་ཞའོ་ཕིང་གི་བླ་ན་མེད་པའི་གསར་བརྗེའི་གཤིས་སྤྱོད་ལ་སློབ་སྦྱོང་ཞུ་བ། ཁོང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མཐོ་ཚད་ཡོད་ལ་གཏིང་ཟབ་པ་ཞིག་ཡིན་པས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་ཡོད་ཅིང་། རང་རེའི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་མཛུབ་ཁྲིད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་དཔྱིས་ཕྱིན་པར་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱ་དགོས་ཞེས་གསུངས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧུའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཡོད།
པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་ཚན་པ་དང་། པེ་ཅིང་གྲོང་ཁྱེར། སི་ཁྲོན་ཞིང་ཨུད་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་ཏེང་ཞའོ་ཕིང་གི་གཉེན་ཉེ། དེ་སྔ་ཁོང་གི་ཉེ་འགྲམ་དུ་ཕྱག་ལས་གནང་མཁན་ལས་དོན་མི་སྣ། ཕ་ཡུལ་གྱི་འཐུས་མི། དེ་བཞིན“རྒྱལ་ཡོངས་ཀྱི་བློ་མཐུན་ཏེང་ཞའོ་ཕིང་སྐུ་བལྟམས་ནས་ལོ་ངོ་120འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་ཞིབ་བསྡུར་གྲོས་ཚོགས”ལ་ཞུགས་མཁན་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།