ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས 2024-09-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་གི་མི་རིགས་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཤིན་ཅང་འཛིན་གྲྭ་དེ་བས་སྤུས་ཚད་ལྡན་པ་དང་དེ་བས་ཕན་འབྲས་ལྡན་པ་ཞིག་གཉེར་ཏེ། ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་ཆེ་བའི་ཤིན་ཅང་གི་བྱང་ཚད་མཐོ་བའི་ལས་བྱེད་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་ཤིན་ཅང་འཛིན་གྲྭ་དེ་བས་ལེགས་པའི་ངང་གཉེར་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཚང་མས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཏང་གི་ལྟེ་བའི་ལས་འགན་ལེགས་འགྲུབ་ཡོང་བར་དམིགས་པ་དང་། ཤིན་ཅང་གི་ལས་བྱེད་དཔུང་ཁག་གི་ཁྱད་ཆོས་དང་ལས་ཀའི་དོན་དངོས་དགོས་མཁོར་དམ་པོར་གཞིགས་ཐོག ཤིན་ཅང་གི་མི་རིགས་ལས་བྱེད་པ་གསོ་སྦྱོང་ལས་དོན་ལེགས་པར་སྒྲུབ་སྟེ། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་གནང་ཡོད།
        ལོ་ངོ་70ཡི་རིང་། ཤིན་ཅང་འཛིན་གྲྭས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གོམ་སྟབས་དང་འགྲོགས་ནས་མདུན་སྐྱོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་འཛིན་གྲྭས་ཤིན་ཅང་གི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པར་གདེང་འཇོག་གང་ལེགས་གནང་བ་དང་། དེས་ཚང་མར་སྐུལ་མ་ཆེན་པོ་ཐེབས་ཡོད།
        ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་མུ་ཐ་ལི་ཕུ·ཨའེ་ལི་ཡིས། ལོ་ངོ་70ཡི་རིང་། སློབ་ཐོན་སློབ་མ་འབོར་ཆེན་ཞིག་བཞུན་བརྡར་ཐེབས་པ་བརྒྱུད་མཐའ་མཚམས་སུ་གཞི་རྐང་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་འབུལ་མཁན་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། དེའི་ཐོག་ནས་ཤིན་ཅང་འཛིན་གྲྭ་གཉེར་བ་ནི་ཏང་ཀྲུང་དབྱང་གིས་ཤིན་ཅང་ལས་དོན་ལ་འཛིན་པའི་གཟིགས་རྒྱང་རིང་བའི་འཐབ་ཇུས་བྱ་ཐབས་ཤིག་ཡིན་ལ། དེ་བས་ཀྱང་ཤིན་ཅང་གི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བའི་དོན་དངོས་ཀྱི་བྱ་ཐབས་ཤིག་ཀྱང་ཡིན་པ་གང་ལེགས་མཚོན་ཡོད་ཅེས་གསུངས་ཡོད།
        ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གསོ་སྦྱོང་པུའི་ཤིན་ཅང་གི་ལས་བྱེད་པ་གསོ་སྦྱོང་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཅུན་ཞུས་ཀྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཀྲུང་དབྱང་ཏང་གི་སློབ་གྲྭ་བརྒྱུད་ཤིན་ཅང་དུ་ཏང་ལ་བློ་དཀར་སེམས་དཀར་དང་རིགས་གཞུང་གི་རྨང་གཞི་ལེགས་པ། སྲིད་ཇུས་སྟངས་འཛིན་གནད་ལ་འཕིགས་པ། ལག་ལེན་བསྟར་ནུས་ཆེ་བ། དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་འབོར་ཆེན་ཞིག་གསོ་སྐྱོང་བྱེད་ཀྱི་ཡོད་ཅིང་། དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད།
        འཛིན་གྲྭ་བཙུགས་ནས་ལོ་ངོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཤིན་ཅང་འཛིན་གྲྭ་ལེགས་པར་གཉེར་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རིག་གནས་ལོ་རྒྱུས་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་གཞོན་པ་ཝང་ཞུས་ཀྱིས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དེ་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱི་ངེས་སྦྱོང་སློབ་ཚན་ལ་བརྩི་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་འཁྲིད་བྱའི་བསླབ་གཞིའི་ནང་གནས་གཏན་ཚིགས་ཀྱི་འབྲེལ་བ་གཉིས་གསལ་པོར་རྟོགས་པ་བྱས་ཏེ། དམིགས་ས་ཡོད་པའི་སྒོ་ནས་སློབ་ཚན་ཇུས་བཀོད་བྱེད་དགོས་ཞེས་གསུངས་ཡོད།
        སློབ་སྦྱོང་བྱེད་པར་སླེབས་པའི་སློབ་མ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨུ་ལུམ་ཆི་གྲོང་ཁྱེར་ཏ་པན་ཁྲེང་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀའོ་ཧུང་ཉི་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་ཕུལ་བྱུང་ལས་བྱེད་པའི་ཚད་གཞི་ནི་ང་རང་གིས་འབྱུང་འགྱུར་ཤིན་ཅང་དུ་ལས་དོན་ཧུར་ཐག་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་འབད་འཐབ་ཀྱི་དམིགས་ཚད་ཡིན། ཤིན་ཅང་ཉིད་ནུབ་རྒྱུད་ས་ཁུལ་གྱི་ལྟེ་བའི་ས་ཁོངས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། སྲིད་ཇུས་ཀྱི“ཁེ་སྤོགས”ལེགས་པར་སྤྱད་དེ་གོང་འཕེལ་མྱུར་པོ་གཏོང་བ་དང་། ཤིན་ཅང་གི་བྱས་རྗེས་ཧུར་ཐག་འཇོག་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་མཛུབ་ཁྲིད་རོགས་ལས་བྱ་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤིན་ཅང་གིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། ཀྲུང་དབྱང་ཏང་གི་སློབ་གྲྭས་གཙོ་གཟུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པ་བྱེད་པ་དང་། ཕྱོགས་ཁག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཤིན་ཅང་འཛིན་གྲྭ་ལེགས་པར་གཉེར་ཆེད་མཐུན་རྐྱེན་བཟང་པོ་བསྐྲུན་པ་དང་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད།
        ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་བྱེད་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ཐན་ཆིང་གིས། ང་ཚོས་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ་སོགས་ཚན་པ་དང་གཞོགས་འདེགས་ཧུར་ཐག་བྱས་ཐོག  སློབ་མའི་གྲུབ་གཞི་ཟམ་མི་ཆད་པར་ལེགས་འགྱུར་བྱས་ཏེ། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་ཕུལ་བྱུང་ན་གཞོན་ལས་བྱེད་པ་འདེམས་པ་དང་སློབ་སྦྱོང་ལ་འགྲོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
        ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་དྲུང་ཆེ། གསོ་སྦྱོང་པུའི་ཀྲུའུ་རེན་ཝང་དབྱང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཅིང་། གསོ་སྦྱོང་བྱ་ཡུལ་དང་ནང་དོན། བྱ་ཐབས། དུས་འཁོར། སློབ་ཡུན་སོགས་ཚད་ལྡན་བཟོ་བའི་རྨང་གཞིའི་ཐོག ཤིན་ཅང་གི་ལས་བྱེད་པས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་པར་སྐུལ་འདེད་གཏོང་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། བྱང་ཚད་མཐོ་བའི་མི་རིགས་ས་ཁུལ་གྱི་ལས་བྱེད་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།