ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་2ཉིན་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། མིག་སྔའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་གོ་སྐབས་དང་འགྲན་རྩོད་མཉམ་དུ་གནས་ཡོད་མོད། སྤྱི་ཡོངས་ནས་བལྟས་ན་གོ་སྐབས་འགྲན་རྩོད་ལས་ཀྱང་ཆེ་བ་ཡོད། ང་ཚོས་འཐབ་ཇུས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དེ་བས་འོད་སྟོང་འབར་བའི་འབྱུང་འགྱུར་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲེན་ཧྲན་ཅེ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མ་ཁྲའོ་ཞུས། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མེང་ཧུའེ། ཀྲུང་གོ་པའོ་ཝུའུ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ཧུའུ་ཝང་མིང་། དབྱི་ཤིན་ཨོའུ་ཉོ་ཚོང་ཞབས་ཞུ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ཧྥེང་ཞུས་པིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་ཁང་གི་འགོ་འཛིན་ཞིང་ཀོང་ཁྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གྲོས་འགོ་དང་བསམ་འཆར་ཡང་བཏོན་ཡོད་པ་རེད།
ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། 2013ལོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་ནས་བཟུང་། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་མཉམ་གྲོས་དང་།མཉམ་འཛུགས།མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ། མཉམ་ལས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད་དང་། མཉམ་ལས་ཀྱི་བར་མཐོངས་ཟམ་མི་ཆད་པར་རྒྱ་སྐྱེད། མཉམ་ལས་ཀྱི་བང་རིམ་ཟམ་མི་ཆད་པར་མཐོར་གཏོང་བཅས་བྱུང་བ། རྒྱལ་སྤྱིའི་འབོད་སྐུལ་ནུས་པ་དང་། ཤུགས་རྐྱེན་ཐེབས་ཤུགས། གོང་བུར་འགྲིལ་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པས། གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དེས་མཉམ་སྐྲུན་རྒྱལ་ཁབ་བར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། འཛམ་གླིང་འདི་ཉིད་ཟང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ནས། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་པ་དང་། ས་ཆ་ཁག་གཅིག་ཏུ་གདོང་ཐུག་དང་ཟང་ཟིང་ཡང་ཡང་འབྱུང་བཞིན་ཡོད། རྒྱབ་ལྗོངས་དེ་འདྲའི་འོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འོས་འཚམ་གཅོག་དགོས་པ་དང་། ས་ཁམས་གདོང་ཐུག་གི་ཤུགས་རྐྱེན་ཁྱད་གསོད་ནུས་ལྡན་བྱེད་པ། མཉམ་སྐྲུན་རྒྱལ་ཁབ་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བ་དང་རང་ཉིད་ལ་ཕན་ཐོགས་ཡོད་པ་རྒྱུན་འཁྱོངས་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཕྱི་རྒྱལ་ཡོད་པའི་རང་རྒྱལ་གྱི་ཁེ་ཕན་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་མཐོའི་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་གཞི་གསར་པ་མགྱོགས་མྱུར་གཏོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་། སྒོ་དབྱེ་ལྗང་མདོག་སྤྱོད་གཙང་། ཚད་གཞི་མཐོ་བ་དང་དམངས་འཚོར་ཕན་འདོགས་པ་རྒྱུན་མཐུད་རུང་བ་བཅས་ཀྱི་མཛུབ་ཁྲིད་རྩ་དོན་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བྱ་སྤྱོད་བརྒྱད་ཁྲིད་སྟོན་དུ་བྱེད་པ། མཉམ་འབྲེལ་མཉམ་མཐུད་ཀྱིས་གཙོ་ཐིག་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཟུང་འབྲེལ་བྱ་རྒྱུ་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་འཁོར་སྐྱོད་ཟུང་འབྲེལ་བྱ་རྒྱུ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་འགུལ་རྣམ་ལེགས་སྒྲིག་ཟུང་འབྲེལ་བྱ་རྒྱུ། གྲངས་འབོར་འཕར་སྣོན་དང་སྤུས་ཚད་མཐོར་གཏོང་ཟུང་འབྲེལ་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་སྦྲེལ”དང་། སྒྲིག་སྲོལ་དང་ཚད་གཞིའི“མཉེན་སྦྲེལ” མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་དམངས་བར་གྱི“སེམས་སྦྲེལ”བཅས་ལ་ གཅིག་གྱུར་འཆར་འགོད་ཀྱིས་གཏིང་ཟབ་ཏུ་གཏོང་བ་དང་། མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་པོའི་ངང་རྒྱ་ཆེར་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བ་དང་། ལྡེམ་ཤུགས་དེ་བས་ཆེ་བ། དེ་བས་རྒྱུན་མཐུད་རུང་བ་བཅས་ཀྱི་མཉམ་རྒྱལ་གྱི་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ལམ་སྲོལ་འཛུགས་སྐྱོང་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་གཞིའི་གཅིག་གྱུར་འཆར་འགོད་ཀྱི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “མཁྲེགས་སྦྲེལ”དང་། “མཉེན་སྦྲེལ” “སེམས་སྦྲེལ”བཅས་ཀྱི་མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་དངོས་གཉེར་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྣ་མང་ཅན་གྱི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ཕྱི་ནང་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱི་རྒྱལ་གྱི་ཁེ་ཕན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་ཁྱབ་སྤེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱོད་གཙང་གི་དར་གོས་ལམ་བུའི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། འཆར་འགོད་གཅིག་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཀ་གཅིག་རྗེས་གཉིས་མཐུད་དུ་བྱེད་པ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད།
ཏིང་ཞུའེ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་ཡོད་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། རྣམ་བཤད་གནད་ལ་འཕིགས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། རྫོགས་ལྡན་ལོ་བཅུ་པ་ཕྱི་མར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་བ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་ལས་ཁུངས་ཁག་བཅས་ཀྱིས་ཟམ་མི་ཆད་པར་འཐབ་ཇུས་ཀྱི་བསམ་བློ་དང་། བདེ་འཇགས་ཀྱི་འདུ་ཤེས། མ་ལག་གི་འདུ་ཤེས། རྒྱལ་སྤྱིའི་མཐོང་རྒྱ་བཅས་ཆེ་རུ་གཏོང་བ་དང་། མ་ལག་ཅན་དང་སྒྲིག་གཞི་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ཐོག རྒྱུན་མཐུད་ངང་རྩེ་རིམ་གྱི་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། དངོས་སྒྲུབ་ཀྱི་བྱ་ཐབས་འདོན་པ། ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མིང་གྲགས་ཆེ་ཞིང་། འཇོན་ཐང་ལྡན་པའི་མཉམ་ལས་ཚོང་རྟགས་ཁག་གཅིག་གསོ་སྤེལ་ཧུར་ཐག་བྱེད་པ་དང་། དཔེ་སྟོན་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་སྔར་ལས་མང་བ་གཏོད་པ། ཆུ་ཚད་སྔར་ལས་མཐོ་བ་དང་། ལྡེམ་ཤུགས་སྔར་ལས་ཆེ་བ། སྔར་ལས་རྒྱུན་མཐུད་རུང་བ་བཅས་ཀྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་རྒྱལ་གོང་འཕེལ་གྱི་བར་ཁམས་གསར་པ་གཏོད་དགོས་ཞེས་བསྟན་ཡོད།
ཝང་དབྱི་དང་། ཧོ་ལི་ཧྥེང་། ཝུའུ་ཀྲེང་ལུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་སྡེ་ཚན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་མི་སྣ། རིགས་གཅིག་མཁས་ཅན་དང་རིག་གནས་པའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།