ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་18ཉིན་གྱི་ཕྱི་དྲོ་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་འབྱོར་ཟིན་ཏེ། ཚེས་20ཉིན་འཚོག་རྒྱུ་ཡིན་པའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་ཨའོ་མོན་ལ་གཟིགས་ཞིབ་ཀྱང་གནང་རྒྱུ་ཡིན་པ་རེད། ཆུ་ཚོད་16ཡས་མས་ཙམ་ལ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་དལ་བུར་ཨའོ་མོན་རྒྱལ་སྤྱིའི་གནམ་ཐང་དུ་བབས་ཡོད།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གནམ་གྲུ་ནས་ཐོན་ཏེ་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ཡོད། ཨའོ་མོན་ཉེན་རྟོག་རོལ་དབྱངས་རུ་ཁག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུ་བའི་རོལ་དབྱངས་དཀྲོལ་བ་དང་འབྲུག་བྲོ་དང་སེང་བྲོ་འཁྲབ་ནས་དགའ་སྤྲོའི་རྣམ་པས་ཁེངས་ཡོད། སྐས་སྒོའི་འགྲམ་དུ་ལོ་ཆུང་བྱིས་པ་གཉིས་ཀྱིས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་གནང་ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་སྐུ་ཟླ་ཀྲེན་སུའུ་ཀྲེན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཕེབས་བསུར་བཅར་མཁན་མི་སྣར་བྱམས་བརྩེའི་ངང་ཕྱག་བཏང་གནང་ཡོད། ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱལ་དར་དང་།དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར།མེ་ཏོག་བཅས་གཡུག་གཡུག་བྱས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་དགའ་བསུ་ཞུས་ཡོད།
ད་ཐེངས་ཞི་ཅིན་ཕིང་ཨའོ་མོན་དུ་ཕེབས་པར་རྒྱལ་ཁབ་ཕྱི་ནང་གིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་གནམ་ཐང་དུ་ཕེབས་སྒུག་ཞུས་ཡོད། ཞི་ཅིན་ཕིང་བཅར་འདྲི་བྱ་ཡུལ་དུ་ཕེབས་ནས་དེ་གར་ཡོད་པའི་གསར་འགོད་པར་འཚམས་འདྲི་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ལྷན་རྒྱས་སྐུ་ཁམས་བཟང་། ང་རང་མཛེས་སྡུག་ལྡན་པའི་ཨའོ་མོན་དུ་སླེབས་རིམ་བཞིན་དགའ་ཚོར་ཧ་ཅང་ཆེན་པོ་འདུག ད་རེས་ཡོང་དོན་ནི་སྤུན་ཟླ་ཚོ་དང་མཉམ་དུ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་25འཁོར་བར་རྟེན་འབྲེལ་ཞུ་ཆེད་དང་། ལོ་འདི་དག་རིང་གི་ཨའོ་མོན་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པར་ལྟ་ཆེད་ཡིན། མཚམས་འདིར། ངས་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས། ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། ལོ་25ཡི་རིང་། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། རྒྱལ་ཁབ་ཀྱི་འཕེལ་རྒྱས་ནི་ཉིན་བཞིན་ཡག་ཏུ་འགྲོ་བཞིན་པ་དང་དེའི་སྟོབས་ཤུགས་ནི་འགོག་ཏུ་མེད་པ་ཞིག་ཡིན། ཨའོ་མོན་གྱི་འཕེལ་རྒྱས་ནི་གྲ་སྒྲིག་ཚགས་ཚུད་དང་གོང་འཕེལ་གནད་འཁེལ་ཞིག་ཡིན་ཞིང་། འབྱུང་འགྱུར་རེ་བས་ཁེངས་ཡོད། དེ་ནི་ཨའོ་མོན་གྱི་གྲོང་མི་ཚོའི་གཟི་བརྗིད་ཡིན་ལ་རྒྱལ་ཡོངས་མི་དམངས་ཀྱི་སྤོབས་པ་ཡང་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། འབད་འཐབ་བྱེད་ཕོད་པ་དང་གསར་གཏོད་བྱེད་ཕོད་ཚེ། ཨའོ་མོན་གྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན་པར་ང་རང་ལ་ཡིད་ཆེས་ཡོད། ཨའོ་མོན་ནི་མེས་རྒྱལ་གྱི་སྙིང་བརྩེའི་མུ་ཏིག་ལྟ་བུ་ཡིན་པས། ང་རང་ནས་ཐོག་མཐའ་བར་གསུམ་དུ་ ཡུལ་དེའི་འཕེལ་རྒྱས་དང་གྲོང་མི་ཡོངས་ཀྱི་བདེ་སྐྱིད་ལ་སེམས་ཁུར་བྱེད་བཞིན་ཡོད། དེའི་རྗེས་ཀྱི་ཉིན་ཁ་ཤས་ནང་། ངས་ཨའོ་མོན་དུ་ལྟ་སྐོར་བྱ་རྒྱུ་དང་། ལས་རིགས་ཁག་གི་གྲོགས་པོ་ཚོ་དང་སྤེལ་རེས་རྒྱ་ཁྱབ་དང་གཏིང་ཟབ་བྱས་ཏེ། ཨའོ་མོན་གྱི་འཕེལ་རྒྱས་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱ་རྒྱུ་ཡིན། ལྷན་རྒྱས་ཐུགས་རྗེ་ཆེ་ཞེས་གསུངས་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཏུང་ཧྥེང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་ཡོད། ཀྲུང་གུང་ཀྲུང་དབྱང་ཀང་ཨའོ་ལས་དོན་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་བྱ་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཞ་པའོ་ལུང་སྔོན་ལ་ཕེབས་འབྱོར་ཟིན་པ་དང་འབྲེལ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བསྐོ་སྒུག་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ད་ལྟའི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ལས་ཁུངས་ཀྱི་འགན་འཁུར་བ་སོགས་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲེང་ཤིན་ཚུང་དང་། ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་དམིགས་བསལ་བཀོད་གཏོང་མི་སྣའི་ཀུང་ཧྲུའུ་ཡི་དམིགས་བསལ་བཀོད་གཏོང་མི་སྣ་ལིའུ་ཤན་ཧྥ། ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེའི་དམག་སྤྱི་ཡུས་ཁྲང་ཅང་དང་ཆབ་སྲིད་ཨུ་ཡོན་ལིན་ཆིང་ཧྭ་སོགས་ཀྱང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།