ཟླ་12ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཨའོ་མོན་མེས་རྒྱལ་གྱི་པར་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད།
ཉིན་ཤས་བསྟུད་མར། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པས་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ཞིང་། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ལས་རིགས་ཁག་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཡིད་ཆེས་ལྡབ་བརྒྱ་འཕེལ་བ་མ་ཟད། དུས་རབས་གསར་པའི་ཀང་ཨའོ་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོའང་བསྣན་ཡོད་ཅེས་བརྗོད། ལས་རིགས་ཁག་གིས་ཤང་ཀང་དང་ཨའོ་མོན་གྱིས་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཚེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
“ཤང་ཀང་དང་ཨའོ་མོན་གྱིས་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་དར་རྒྱས་ཀྱི་བགྲོད་ལམ་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཡིན”
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་ཤིང་། དེའི་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ་རེད། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པར་སླར་ཡང་སྐུལ་ལྕག་གནང་ཡོད” ཁོང་གིས“ཤང་ཀང་དང་ཨའོ་མོན་གཉིས་ནི་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་འཛིན་ཁུལ་ཡིན་པ་དང་། ‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་ལེགས་ཆ་མཉམ་སྤྱོད་བྱེད་ཀྱི་ཡོད་པས། རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་དར་རྒྱས་ཀྱི་བགྲོད་ལམ་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་རེད”ཅེས་གསུངས་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་གི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྐོར་གྱི་རྣམ་བཤད་ལ་ཤང་ཀང་གི་སྤྱི་ཚོགས་ཐོག་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ཞིང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ཨུ་ལྷན་གྱི་གྲོས་མི་ལེང་མེ་ཧྥེན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་བཟང་པོ་འདིས་ཀྲུང་གོའི་འགོ་ཁྲིད་པའི་ཆབ་སྲིད་ཀྱི་བློ་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་གི་ཚད་མཐོའི་ཡིད་ཆེས་མངོན་ཡོད་ལ། འཛམ་གླིང་ཡོངས་ཀྱིས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ལ་གཞོལ་བའི་ལྷག་བསམ་རྣམ་དག་ཀྱང་མཐོང་ཐུབ། ཐུན་མོང་ཐོག“རྒྱལ་ཁབ་གཅིག”གི་རྩ་བ་བརྟན་སྲུང་དང“ལམ་ལུགས་གཉིས”ཀྱི་ཕན་པ་སྤྱོད་མཁས་པོ་བྱ་རྒྱུ་ནི་ཤང་ཀང་དང་ཨའོ་མོན་གྱིས་ཡུན་རིང་དར་རྒྱས་བརྟན་ལྷིང་མུ་མཐུད་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་ལེན་ཞིག་རེད་ཅེས་བརྗོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བར་ཁོང་དུ་ཆུད་དགོས་པའི་རྩ་དོན་ཁག་བཞི་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་གནང་བས། ལས་རིགས་ཁག་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་གོ་བ་སྔར་ལས་གཏིང་ཟབ་བླངས་ཐུབ་ཡོད། རྒྱལ་ཡོངས་ཀང་ཨའོ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཤང་ཀང་གི་སླར་ཡང་རྡོག་ཐོན་མནའ་འབྲེལ་ཆེན་པོའི་དྲུང་ཆེ་ཐན་ཡའོ་ཙུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཤང་ཀང་དང་ཨའོ་མོན་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་དུས་རབས་གསར་པའི་ནང་དོན་བསྣན་པ་མ་ཟད། དུས་རབས་གསར་པའི་ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་སྔར་ལས་ལེགས་པ་ཡོང་བར་ཡིད་ཆེས་ཀྱང་བསྣན་ཡོད་ཅེས་མྱོང་ཚོང་ཟབ་མོས་བརྗོད།
“ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་བསམ་ཕྱོགས་དང་ཐབས་ལམ་བཟང་པོ་མཁོ་འདོན་བྱས་ཡོད”
ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25རིང་གི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་དང་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ཕྱོགས་སྡོམ་གཏིང་ཟབ་གནང་བ་མ་ཟད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་རེ་བའང་ཁག་བཞི་བཏོན་གནང་ཡོད། ཤིན་ཅེ་གྲོང་གསེབ་གྲོས་འདྲི་ཅུས་ཀྱི་ཀྲུའུ་ཞི་ལིའུ་ཡེ་ཆང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཤང་ཀང་དང་ཨའོ་མོན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ལམ་སྟོན་དང་སྣེ་ཁྲིད་གནང་སྟེ། ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་བསམ་ཕྱོགས་དང་ཐབས་ལམ་བཟང་པོ་མཁོ་འདོན་གནང་ཡོད”ཅེས་བརྗོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཨའོ་མོན་འདི་ཉིད་སྔར་བས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཞུགས་པར་འཆར་འགོད་གནང་ཡོད་པ་དེར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དོ་དམ་བཅོས་སྐྱོང་ཚོགས་པའི་ནང་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ཡོད་པ་རེད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སི་ཀྲང་དང་ཅུས་ཀྲང་མང་པོ་ཞིག་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ལ་བཅངས་པའི་རེ་སྒུག་དང་ཐུགས་རེ་ཟབ་མོ་དེ་ཤང་ཀང་ལ་ཡང་གཅིག་མཚུངས་ཡིན་པ་རེད། རྒྱལ་ཁབ་འཕེལ་རྒྱས་གཏོང་རྒྱུ་དེས་ཤང་ཀང་ལ་རྒྱ་ཆེ་བའི་བར་སྟོང་དང་རྫོགས་མཐའ་མེད་པའི་གོ་སྐབས་བསྐྲུན་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཁྲོད་ཤང་ཀང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་འགན་ལེན་བྱེད་དགོས།
“བསྐལ་བཟང་པད་མ་རབ་ཏུ་བཞད། ཤར་ཕྱོགས་མུ་ཏིག་ལྷག་པར་བཀྲ”
ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཤང་ཀང་དང་ཨའོ་མོན་སྤྱི་ཚོགས་ཀྱིས་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཐུན་མོང་ཐོག་དར་རྒྱས་ཡོང་བ་དང་འོད་སྟོང་འཕྲོ་བའི་མདུན་ལམ་ཡོང་རྒྱུར་རེ་སྒུག་ཚད་མེད་བྱེད་ཀྱི་ཡོད།
“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཡུན་རིང་ཞིབ་འཇུག་བྱེད་མཁན་རྒྱལ་ཡོངས་ཀང་ཨའོ་ཞིབ་འཇུག་ལྷན་ཚོགས་ཀྱི་བློ་འདྲི་བ་ལིའུ་ཀྲའོ་ཅ་ཡིས། ཨའོ་མོན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་ནི་ཤང་ཀང་གི་ངོས་ནས་བརྗོད་ན་དཔྱད་གཞིའི་རིན་ཐང་ལྡན་པ་ཞིག་རེད། ཤང་ཀང་དང་ཨའོ་མོན་གྱིས་ཕན་ཚུན་ལེགས་ཆ་གསབ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཕྱར་བ་གྲུ་འདེགས། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་སྔར་ལས་ལེགས་པར་བྱས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བརྗོད།
ཤང་ཀང་ཀྲུང་ཧྭ་བཟོ་གྲྭ་དང་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལུའུ་ཅིན་རུང་ལའང་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོང་གིས། ཤང་ཀང་དང་ཨའོ་མོན་གཉིས་ནི་གཅེན་གཅུང་མིང་སྲིང་ཡིན་པས། ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་སྣ་མང་འཕེལ་རྒྱས་དང་དེ་བཞིན་བསྐལ་བཟང་དཔལ་འབྱོར་དང་། ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་འཛུགས་སྐྲུན་བཅས་ཚང་མས་ཤང་ཀང་ལ་དཔྱད་གཞི་མཁོ་འདོན་བྱས་པ་མ་ཟད། ཤང་ཀང་གི་དངུལ་རྩ་དང་། ཚོང་དོན། ཚན་རྩལ་གསར་གཏོད། སྤུས་རྟགས་འཛུགས་སྐྲུན། ལྗང་མདོག་འཕེལ་རྒྱས་སོགས་ཀྱིས་ཀྱང་ཨའོ་མོན་གྱི་ཐོན་ལས་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱེད་ཐུབ། ཤང་ཀང་དང་ཨའོ་མོན་གྱིས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་གཉིས་ཀྱི་འགན་ཐུན་མོང་ཐོག་ཁུར་ནས་དུས་རབས་གསར་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཉམས་འགྱུར་གསར་པ་མངོན་པར་བྱེད་དགོས་ཞེས་བརྗོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཐན་ཅིན་ཆིའུ་ཡིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནང་འདུས་པའི་ཞི་བདེ་དང་། བསྟུན་མཁས། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་རིན་ཐང་འདུ་ཤེས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད་ལ། དུས་རབས་གསར་པར་ཤང་ཀང་དང་ཨའོ་མོན་གྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ཐོག“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གཏམ་རྒྱུད་ཡག་པོ་ཤོད་པར་ཁ་ཕྱོགས་ཁྲིད་སྟོན་ཡང་བྱས་ཡོད། ཤང་ཀང་དང་ཨའོ་མོན་གྱིས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་འཛུགས་པ་དང་རྒྱལ་སྤྱིའི་འབྲེལ་མཐུད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བྱས་རྗེས་དེ་བས་ཆེ་བ་འཇོག་ཐུབ་པའི་ངོས་འཛིན་གནང་བ་རེད།