ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《2025ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

སྤེལ་དུས 2024-12-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2025ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
  2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ནས་མི་དམངས་མང་ཚོགས་སྤྲོ་སྣང་དང་དུས་བདེ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། འབྲེལ་ཡོད་དོན་དག་གཤམ་གསལ།
  གཅིག དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རོགས་སྐྱོབ་རོགས་སྐྱོར་དང་འཚམས་འདྲི་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་དགོས། སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་གཏན་འབེབས་ལྟར་རོགས་སྐྱོབ་དངུལ་སྣ་ཚོགས་དུས་ཐོག་ཏུ་གྲངས་ཚང་ངང་སྤྲོད་དགོས། གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོལ་བྱུང་རང་བཞིན་དང་དགོས་གཏུགས་རང་བཞིན་གྱི་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དུས་ཐོག་ཏུ་གཞི་རྩའི་འཚོ་བའི་འགན་ལེན་བྱེད་དགོས།  དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “གྲང་ངར་ཆེ་བའི་དགུན་ཁར་དྲོ་སྐྱིད་སྦྱིན་པའི”ཆེད་དོན་རོགས་སྐྱོབ་བྱ་སྤྱོད་སྤེལ་ནས། འཁྱམ་པོ་དང་སློང་མོ་བ་སོགས་གནས་སྐབས་དཀའ་ངལ་འཕྲད་པའི་མི་སྣ་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་ཏན་ཏིག་སྤེལ་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ལས་ཞུགས་ལ་དཀའ་ངལ་ཡོད་མཁན་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་དུ་ལས་ཞུཌ་ཐུབ་པའི་ཚོགས་སྤྱིར་འཚམས་འདྲི་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།
  གཉིས། ཁྲོམ་རའི་འགན་ལེན་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་སྐོང་དགོས། ནུས་ཤུགས་ཡོད་རྒུས་རྡོ་སོལ་དང་། གློག སྣུམ། སོལ་རླངས་སོགས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་དམིགས་བསལ་གྱི་གནོད་འཚེའི་གནམ་གཤིས་བསྟན་སྐབས་ཀྱི་འབྲེལ་ཡོད་བདེ་འཇགས་འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་དོན་འཁྱོལ་བྱས་ཏེ་འབྲུ་རིགས་དང་། བཟའ་སྣུམ། ཤ་དང་སྒོ་ང་། འོ་མ། ཤིང་ཏོག་དང་སྔོ་ཚལ་སོགས་འཚོ་བའི་དངོས་རྫས་ཐོན་སྐྱེད་དང་ཕྱིར་ཚོང་དང་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ནས་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་གུང་གསེང་རིང་གི་འཛད་སྤྱོད་དགོས་མཁོ་སྐོང་དགོས། འགྲིམ་འགྲུལ་དང་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་ཀའི་ལམ་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྟེ་གནས་གཙོ་བོ་དང་། བགྲོད་ལམ་གཙོ་བོ། ས་ཁོངས་གཙོ་བོ་བཅས་ཀྱི་འགྲིམ་འགྲུལ་དང་ཟོག་འགྲེམས་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་རྗེས་སྙེག་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་དྲོད་སྲུང་དང་མཁོ་སྤྲོད་འགན་ལེན་གྱི་ནུས་རྒྱུའི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ཡག་པོ་བྱེད་དགོས།
  གསུམ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་དགོས། “དཔྱིད་གསར་དུས་སུ་གཞི་རིམ་དུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང“རིག་གནས་ཀྲུང་གོའི་བྱ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་བསྒྲགས་བྱེད་དགོས། དཔྱིད་གསར་དུས་ཆེན་གྱི“གྲོང་ཚོའི་མཚན་ཚོགས”ཀྱི་དཔེ་སྟོན་འགྲེམས་སྟོན་བྱེད་སྒོ་གཉེར་ནས་ཞིང་པའི་བསམ་པའི་ཉམས་འགྱུར་གསར་པ་དང་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མངོན་དགོས། རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཕུལ་བྱུང་གི་རིག་གནས་ཐོན་རྫས་དང་། ཚན་རིག་ལག་རྩལ། བདེ་ཐང་ཤེས་བྱ་སོགས་མང་ཚོགས་ཉེ་འགྲམ་དུ་དྲིལ་བསྒྲགས་བྱེད་དགོས། “མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་དཔྱིད་གསར་ལ་རྟེན་འབྲེལ་ཞུ་བའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།
  བཞི། དཔྱིད་གསར་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ནས་མང་ཚོགས་འགྲོ་སྐྱོད་བདེ་འཇགས་དང་སྟབས་བདེ་ཡོང་བར་འགན་ལེན་བྱེད་དགོས། གཙོ་གནད་དུས་མཚམས་དང་། གཙོ་གནད་ས་ཁོངས། ལམ་ཐིག་གཙོ་བོ་བཅས་སུ་སྐྱེལ་འདྲེན་བྱེད་མཁན་མང་དུ་གཏོང་བ་དང་བཀོད་གཏོང་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་གང་ལེགས་སྐོང་དགོས། ཕྱོགས་བསྡུས་སྐྱེལ་འདྲེན་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ། གྲོང་ཁྱེར་གྱི་འགྲུལ་སྐྱེལ་བཅས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲུལ་པ་འགྲོ་སྐྱོད་བྱེད་པའི“ཐོག་མའི་འགག་གནད་དང་མཐའ་མའི་འགག་གནད”ཤར་གཏོང་ཐུབ་པར་བྱེད་དགོས། རང་འཁོར་བཏང་ནས་ཕྱིར་སྐྱོད་གྱི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཆེན་དང་གུང་གསེང་གལ་ཆེན་སྐབས་སུ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་ལམ་གྲོན་མི་བསྡུ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ། འགག་སླ་བའི་ལམ་དུམ་གཤོང་བ་དང་ཤར་གཏོང་འགན་ལེན་བྱེད་པ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ཞབས་ཞུར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ཁུལ་དང་གྲོན་བསྡུ་ས་ཚིགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚན་པ་ཁག་གིས་གླ་ཕོགས་ཡོད་པའི་ལོ་རེའི་འཁོར་ཞག་སོགས་ཀྱི་ལམ་ལུགས་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ་འཚང་གཡོལ་ཕྱིར་སྐྱོད་ལ་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས།
  ལྔ། ལས་འཛོལ་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས། “བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག”གི་ཆེད་དོན་ལས་དོན་ཏན་ཏིག་སྤེལ་དགོས། དགུན་དུས་ཀྱི་དྲོད་ལེན་དང་། ཤོག་སྦག དཔྱིད་གསར་སྐྱེལ་འདྲེན་གྱི་འགྲིམ་འགྲུལ། གཏེར་རི། རྫས་འགྱུར་བཟོ་ལས་ཐོན་སྐྱེད། འཛུགས་སྐྲུན་ཨར་ལས། ཉ་ལས་གྲུ་གཟིངས་སོགས་ཁྱབ་ཁོངས་ཀྱི་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་དང་། སོལ་རླངས་དང་། མེ་འབྲེལ་ལས་སྒྲུབ། གློག་སྒུལ་རྐང་འཁོར་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད། དྲོད་སྲུང་རྒྱུ་ཆ་དང་དེ་བཞིན“བྱེད་སྒོ་སྤེལ་ཡུལ་ཆུང་ངུ་དགུའི”ལས་རྣམ་མང་བའི་མཉམ་བསྲེས་ཐོན་སྐྱེད་གཉེར་སྐྱོང་བྱ་ཡུལ་སོགས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་དགོས། དྲོད་གཏོང་ཁྲོ་ཐབ་དང་། རོལ་རྩེད་ཀྱི་སྒྲིག་བཀོད་ཆེ་གྲས། འགྲུལ་སྐྱེལ་འབྲེང་ཟམ་སོགས་དམིགས་བསལ་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་སྲུང་སྐྱོང་ཉམས་བཟོ་བྱེད་དགོས། རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་མཐིལ་རྟོགས་གྲལ་བཤེར་ཏན་ཏིག་བྱེད་དགོས། ལོ་གསར་གྱི་སྔ་ནུབ་སོགས་གཙོ་གནད་དུས་མཚམས་ཀྱི་གློག་འོད་ཤོམ་སྟོན་དང་ཚོན་ཁྲ་ཅན་གྱི་ཤོག་སྦག་རྒྱག་པའི་དགོང་ཚོགས་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཀྱི་ཉེན་ཁར་དཔྱད་དཔོག་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
  དྲུག འགལ་ཟླ་དང་རྩོད་གཞི་གྲལ་བཤེར་གཏིང་ཟབ་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་འགན་ལེན་བྱེད་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “འགལ་ཟླ་དང་ཉེན་ཁ་བསལ་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི”ཆེད་དོན་བཅོས་སྐྱོང་བྱེད་སྒོ་ཏན་ཏིག་སྤེལ་བ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་མི་ཚོགས་ལ་དམིགས་པ་བཅས་བྱས་ཏེ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ལེབ་བཤེར་བྱས་ནས། བརྟན་ལྷིང་མིན་པའི་རྒྱུ་རྐྱེན་སྣ་ཚོགས་འབྱུང་རྩ་ནས་ཧུར་ཐག་སེལ་དགོས། ཕྱོགས་བསྡུས་བཅོས་སྒྲིག་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁུལ་ཁོངས་དབར་ཟུང་འབྲེལ་དང་སྡེ་ཚན་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆ་འཕྲིན་སྦྲེལ་མཐུད་དང་། འགལ་ཟླ་མཉམ་འདུམ། ཉེན་ཁ་མཉམ་འགོག གནད་དོན་མཉམ་བཅོས་བཅས་ལ་ཤུགས་སྣོན་བརྒྱབ་ནས། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་བཙན་གནོད་བྱེད་པ། “རྐུ་འཕྲོག་དང་མགོ་སྐོར་གཏོང་བ” “ཆགས་སྲེད་དང་། རྒྱན་པོ་འགྱེད་པ། དུག་འཐེན་པ” “བཟའ་བཅའ་དང་། སྨན་རྫས། ཁོར་ཡུག”བཅས་དང་། དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་། རྒྱལ་སྒྲོལ་རྒྱན་འཛུགས་དང་ནགས་གཤེད་དང་འབྲེལ་བ་ཡོད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས།
  བདུན། གྲོན་ཆུང་བསྲི་ཚགས་དང་ཤེས་དཔལ་སྤྱོད་གཙང་གིས་དུས་ཆེན་གཏོང་སྟངས་དར་སྤེལ་བཏང་སྟེ། རྒྱུན་སྲིང་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ནས་སྲོལ་གསར་གཏོད་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་སྟེ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ནན་ཏུ་གཏོང་བ་དང་། གྲོན་ཆུང་བསྲི་ཚགས་དར་སྤེལ་གཏོང་བ། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱས་གཤོམ་རྒྱས་སྤྲོས་དང་། བསྡུར་རེས་བྱེད་པ། རྒྱུ་ངོམ་པ། བག་མེད་ལོངས་སྤྱོད་བྱེད་པ། ཆུད་ཟོས་སུ་གཏོང་བ་སོགས་ཀྱི་གོམས་གཤིས་ངན་པར་ངོ་རྒོལ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱེད་དགོས། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་ཏུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱེད་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་སྔོན་འགོག་དང་ཡོ་བསྲང་ནན་པོ་བྱེད་པ་དང་། སྒྲིག་འགལ་ངང་བཟའ་འཐུང་ལ་རོལ་བའི་སྤྱོད་ངན་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་སྤྲོད་བྱེད་པ་དང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་སམ་ཕན་བདེ་སྤྲོད་པ། གཉེན་སྟོན་བཤམས་པའི་གོ་སྐབས་དང་བསྟུན་ནས། སྒྲིག་འགལ་ངང་རྒྱུ་ནོར་ལེན་པ་དང་གཞུང་འཁོར་སྒེར་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་ནན་པོ་བྱེད་པ། མངོན་མེད་ཐབས་སྒྱུར་གྱི་གནད་དོན་ལ་དུས་དང་རྣམ་པ་ཀུན་ཏུ་འགོག་ཟོན་བྱེད་པ། དཔེ་མཚོན་གྱི་གྱོད་དཔེ་དུས་ཐོག་ཏུ་བརྡ་ཁྱབ་དང་དམར་འདོན་བཅས་བྱེད་དགོས། ཟ་མཁས་འཐུང་མཁས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། རིན་གོང་མཐོ་བའི་ཐ་མག་དང་། ཨ་རག ཇ་བཅས་དང་། “ལོ་གསར་དང་གནམ་གང་གི་རྒྱས་སྤྲོས་དགོང་ཟས” དུས་ཆེན་གྱི་ལག་རྟགས་ཐུམ་སྒྲིལ་ཚད་བརྒལ་རྒྱག་པ་སོགས་ལས་མངོན་པའི་སྐྱིད་འདོད་དང་བག་མེད་ཆུད་ཟོས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
  བརྒྱད། ལས་རེས་དང་སྡོད་བྱར་ཤུགས་སྣོན་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། ལས་དོན་ཁག་འཁོར་སྐྱོད་གོ་རིམ་ལྡན་པ་ཐུབ་པར་འགན་ལེན་བྱེད་དགོས། ཆུ་ཚོད་24རིང་ཆེད་མིས་ལས་རེས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་ལས་གནས་སུ་སྣེ་ཁྲིད་ལས་རེས་བྱེད་པ། ཕྱིར་ཐོན་པར་སྙན་སེང་ཞུ་བ་སོགས་ཀྱི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། ལས་རེས་ཀྱི་སྟོབས་ཤུགས་བཀོད་སྒྲིག་དང་རྒྱ་ཆེར་གཏོང་བ་དང་། ཐད་ཀར་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་ཚན་པས་དུས་ཆེན་རིང་གི་ལས་རེས་ལས་སྒྲུབ་བཀོད་སྒྲིག་ལུགས་མཐུན་བྱས་ནས། ཞབས་ཞུའི་སྤུས་ཚད་ལ་འགན་ལེན་བྱེད་དགོས། འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ཀྱི་འཕྲལ་སྡོམ་ཐག་གཅོད་ཇུས་གཞི་གྲ་སྒྲིག་ཡག་པོ་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ཐོན་ཚེ། འཕྲལ་མར་དང་ལེན་ཞུས་ཏེ་གོ་རིམ་ལྡན་པའི་ངང་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། དགོངས་ཞུ་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ། སྙན་སེང་ཞུ་འགོར་བ་དང་། སྙན་སེང་ཞུ་རྒྱུ་ལུས་པ། སྙན་སེང་རྫུན་མ་ཞུ་བ། གསང་ནས་སྙན་སེང་མི་ཞུ་བའི་རིགས་བཅས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།