སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དམངས་འཚོ་ཨང་དང་པོར་འཇོག་དགོས། ཏང་དང་སྲིད་གཞུང་གིས་སྒྲུབ་པའི་ལས་དོན་ཐམས་ཅད་ཀྱི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ནས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཡིན་ཞེས་ནན་སྟོན་གནང་ཡོད། ལོ་འདི་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག མི་དམངས་ཉེ་འགྲམ་གྱི་བྱ་བ་དང་། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཡོད་པ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་བྱ་བར་དམིགས་ནས་བསྒྱུར་བཅོས་ཤུགས་ཆེན་བྱས་ཤིང་། དྲོ་སྐྱིད་ལྡན་པ་དང་ཕན་འབྲས་ཐོན་པའི་དམངས་འཚོའི་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།
བདེ་སྐྱིད་ཟ་ཁང་དུ་ཟ་མ་ཚ་པོ་ཞིག་ཟ་བ་དང་བྱེད་སྒོའི་ལྟེ་གནས་སུ་གླུ་ལེན་གར་འཁྲབ་བྱེད་པ་སོགས་དགུན་དུས་འདིར་ཧུའུ་པེ་ཞན་ཉིང་ཕན་ཅ་ཝན་གྲོང་རྡལ་སི་དབྱི་གྲོང་ཚོའི་རྒན་གསོའི་ས་ཚིགས་སུ་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད།
ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་རྒྱལ་ཡོངས་སུ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། སི་དབྱི་གྲོང་ཚོ་ལྟ་བུའི་གྲོང་ཚོས་རྒན་གསོའི་ཞབས་ཞུ་སྒྲུབ་ཚད་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད། ད་ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་དབྱི་གྲོང་ཚོའི་རྒན་གསོའི་ཞབས་ཞུའི་ས་ཚིགས་སུ་ཕེབས་ཏེ། ཟ་ཁང་གི་ཟས་རིགས་ལ་གཟིགས་པ་དང་དམངས་ཕན་ཞབས་ཞུའི་བྱ་ཐབས་སྐོར་མཁྱེན་རྟོགས་གནང་བ་དང་། ས་གནས་དེ་གས“རྒན་རྒོན་དང་བྱིས་པའི”གཙོ་གནད་དེར་དམ་འཛིན་བྱས་ནས། དེ་བས་གནད་འཕིགས་ནུས་ལྡན་ངང་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས་པའི་བླང་བྱ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ད་དུང་གྲོང་མིའི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་ལས་ཞུགས། ཁྱིམ་ཚང་གི་ཡོང་འབབ། རྒན་གསོ་སྨན་བཅོས་སོགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཚང་མས་མུ་མཐུད་འབད་བརྩོན་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་ཐུགས་རེ་བཏོན་གནང་ཡོད།
དམངས་འཚོར་བྱ་བ་ཆུང་ཙག་ཟེར་བ་ཞིག་མེད། ལོ་འདི་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕེབས་ནས་དམངས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཞིང་ནང་དང་མུ་ཁར་ཕེབས་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་གཟིགས་པ། མཚོ་འགྲམ་གྱི་ཉ་གྲོང་དུ་ཕེབས་ནས་མཚོ་རྫས་ཉོ་ཚོང་གནས་ཚུལ་མཁྱེན་རྟོགས་གནང་བ། གྲོང་ཁྱེར་ནང་གི་གྲོང་ཚོར་ཕེབས་ནས་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་ལ་རྟོག་ཞིབ་གནང་བ། ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་དུ་ཕེབས་ནས་བྱིས་པ་ཚོའི་བཟའ་བཅའ་དང་ཞག་སྡོད་ཆ་རྐྱེན་མཁྱེན་རྟོགས་གནང་ཞིང་། མང་ཚོགས་ལ་ཡོང་འབབ་ཇི་ཙམ་ཡོད་པ་དང་། སྨན་བཅོས་བྱེད་པར་དཀའ་ངལ་ཡོད་མེད། རྒན་རྒོན་ཟ་ཁང་གི་ཟ་མ་ཞིམ་པོ་ཡོད་མེད་སོགས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དག་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་སའི་དོན་ཆེན་ཡིན། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་འདོད་དང་མཐུན་པ་དང་དམངས་འཚོར་ཕན་འདོགས་པ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་བསྒྲུབས་ནས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཡོད་པ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
ལོ་འདི་ཤར་ཚུན། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་བཅུ་ཆ་བདུན་ཡན་སྔར་བཞིན་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་ཡོད། གཞི་རྩའི་རྒན་གསོའི་དངུལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་སྔོན་རྩིས་བརྒྱ་ཆ་10.6འཕར་ནས་ས་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱས་ཡོད།
དམངས་འཚོའི་མཐའ་ཐིག་ལེགས་པར་སྲུང་བ་དང་ཆབས་ཅིག་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་བསྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་གཅིག་མཇུག་གཉིས་མཐུད་ངང་ལག་ལེན་བསྟར་ཡོད།
ཕྲུ་གུ་རྣམས་ནས་དེ་བས་སྤུས་ལེགས་དོ་སྙོམས་ཀྱི་སློབ་གསོ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་བྱས་ཡོད། ད་ལོ་རྒྱལ་ཁབ་ཀྱི་སློབ་གསོའི་གཏོང་སྒོ་4%འཕར་བ་དེ་གཙོ་བོ་ཉམས་ཞན་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྤྱད་ནས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་གྲོང་ཁྱེར་དང་གྲོང་གསེབ་དབར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པ་བྱས་ཡོད། ཡུན་རིང་མ་སོང་གོང་། སི་ཁྲོན་པེ་ཁྲོན་རྫོང་དུ་ཚན་རིག་ཞིབ་འཇུག་མི་སྣས་མི་མེད་གནམ་གྲུ་དང་འཕྲུལ་མི་སོགས་འགྲེམས་དངོས་སློབ་གྲྭའི་ནང་ཁྱེར་ནས་ཕྲུ་གུ་ཚོར་ཉམས་ལེན་བྱེད་དུ་བཅུག་ཡོད།
“རྒན་རྒོན་དང་བྱིས་པའི”གནད་དོན་ནི་ཁྱིམ་ཚང་མང་ཆེ་བའི་དོ་ཁུར་བྱ་ཡུལ་གཙོ་བོ་ཡིན། མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་དོན་དངོས་ཀྱི་མདུན་དུ། ད་ལོ་རྒྱལ་ཁབ་ཀྱིས་རྒན་རྒོན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་26དོན་འཁྱོལ་ཧུར་ཐག་བྱས་ཏེ། རྒན་རྒོན་ལ་རོགས་རམ་དང་ལྟ་རྟོག་སོགས་ཀྱི་རྨང་གཞིའི་ཞབས་ཞུ་ལེགས་སུ་བཏང་བ་དང་ཆབས་ཅིག རྒན་རྒོན་ལ་འཚམ་པའི་སྤུས་ཚད་མཐོ་བའི་ཐོན་རྫས་ཁག་གཅིག་གསར་གཏོད་རྒྱ་སྐྱེད་བཏང་ནས། རྒན་རྒོན་གྱི་བདེ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
ལོ་ན་གཞོན་པའི་ཕ་མས་ཕྲུ་གུ་གསོ་སྐྱོང་བྱེད་པའི་དཀའ་གནད་ལ་དམིགས་ནས། རྒྱལ་ཁབ་ཀྱིས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་ཕན་གྱི་བུ་གསོའི་ཞབས་ཞུའི་མཁོ་སྤྲོད་མང་དུ་བཏང་ཡོད། མིག་སྔར། རྒྱལ་ཡོངས་སུ་ལོ་0ནས་ལོ་3བར་གྱི་ཕྲུ་གུ་དམར་འབྱར་ལ་ཕྱོགས་པའི་བུ་གསོའི་ཚན་པ་ཁྲི་10ལྷག་ཙམ་བསྐྲུན་ཡོད།
སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་དཀའ་གནད་སེལ་བ་དང་། ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་བྱ་རྒྱུ་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་དུ་སྨན་པ་བསྟེན་རྒྱུ་དང་སྨན་བཅོས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་མཉམ་རོགས་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ་དང་། གསར་དུ་བསྣན་པའི་སྨན་རྫས་རིགས་91རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་བཅུག་ནས། མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད།
ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་ཡིན། ད་ལོ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པ་ཤར་ཚུན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་དང་པོ་དེ་ཁྱབ་བསྒྲགས་བྱས་པ་དང་། ནོར་སྲིད་དང་དངུལ་ལོར། ཐོན་ལས། རིན་གོང་སོགས་ཀྱི་སྲིད་ཇུས་ཀྱིས་མཐུན་སྦྱོར་ངང་མཉམ་ཤུགས་བཏོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་གཉིས་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། ཀུའེ་ཀྲོའུ་ཐུང་ཙི་རྫོང་དུ། ལས་ཞུགས་རོགས་སྐྱོར་འཁོར་ཁང་གི་སྒྲིག་ཆས་གསར་སྒྱུར་དང་དམིགས་སའི་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་སྤེལ་བ་དང་བསྟུན་ནས། བཟོ་པའི་ཡོང་འབབ་ཀྱང་བརྟན་པོའི་ངང་འཕར་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། འཕེལ་རྒྱས་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་བཏོན་ཡོད། མིག་སྔར། བཀོད་སྒྲིག་གསར་པ་དང་བྱ་ཐབས་གསར་པ་རབ་དང་རིམ་པ་འདོན་བཞིན་ཡོད་པས། མང་ཚོགས་ཀྱི་རེ་སྒུག་དེ་བས་མང་བ་ཞིག་མིག་མཐོང་ལག་ཟིན་ཐུབ་པའི་བདེ་སྐྱིད་དུ་འགྱུར་བཞིན་ཡོད།
མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ཀྱི་ལོ་ལྔའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱི་ནས་ཡོང་བའི་ལས་མི་དང་ཁོ་ཚོ་དང་མཉམ་དུ་གནས་སྤོ་བྱས་པའི་ནང་མི་ཚོས་དེ་བས་སྟབས་བདེའི་ངང་གྲོང་ཁྱེར་དང་གྲོང་རྡལ་དུ་ཐེམ་ཐོ་འགྱུར་ཐུབ་པ་དང་། དོ་སྙོམས་ཅན་གྱི་ཞབས་ཞུ་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱས་ཡོད།
མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་རྒྱལ་ཡོངས་སུ་ཁྱབ་སྤེལ་གཏོང་འགོ་ཚུགས་ཏེ། གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཁ་གསབ་གལ་ཆེན་ཞིག་ཏུ་གྱུར་ཡོད། མྱུར་སྐྱེལ་བ་དང་དྲ་མངགས་རླངས་འཁོར་གྱི་ཁ་ལོ་བ་སོགས་ལས་ཞུགས་ཀྱི་རྣམ་པ་གསར་པའི་མི་སྣར་ཡང་ལས་རིགས་ཀྱི་གནོད་འཚེའི་འགན་ལེན་ཐུབ་ཡོད།
གྲོང་ཁྱེར་56ལ་སྡེ་ཁུལ་གྱི་བཙུད་འཇུག་རྣམ་པའི་ཞབས་ཞུའི་སྒྲིག་བཀོད་ཚོད་ལྟའི་འཛུགས་སྐྲུན་བྱས་པ་དང་། དུས་ཡུན་སྐར་མ་བཅོ་ལྔའི་དམངས་བདེའི་འཚོ་བའི་ཁྱབ་ཁོངས་ནང་ཞོགས་ཟས་ཚོང་ཁང་དང་བཟོ་བཅོས་ཉམས་གསོ་སོགས“ཆུང་ལ་མཛེས་པའི”ཚོང་ལས་ཀྱི་ལས་རྣམ་གསར་དུ་བསྣན་པས། ང་ཚོའི་གྲོང་ཁྱེར་དེ་སྔར་བས་བདེ་སྡོད་ཐུབ་པར་གྱུར་ཡོད།
མི་རིང་བའི་གོང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། བསྒྱུར་བཅོས་བྱ་རྒྱུ་དེ་ཤུགས་རྒྱག་ས་དང་འགག་གཏོར་བྱེད་སར་བརྩིས་ཐོག འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དེ་བས་གཞུང་དྲང་ངང་ཐོབ་ཐུབ་པ་བྱ་རྒྱུ་ཡིན།