ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

སྤེལ་དུས 2025-01-03 ཡོང་ཁུངས། རྩོམ་པ་པོ།
      ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་2024ལོའི་ཟླ་12ཚེས་31ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་དང་ལྷན་དུ་འཛོམས་ནས་2025ལོའི་གནམ་ལོ་གསར་ཚེས་ལ་བསུ་བ་ཞུས་པ་རེད།
     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རླུང་འཇམ་ཉི་འོད་ཡོད་ལ་དྲག་ཆར་རླུང་འཚུབ་དང་ཐ་ན་འཇིགས་རུང་གི་རྦ་རླབས་དྲག་པོ་ཡང་ཡོད་སྲིད། ང་ཚོས་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱས་ཐོག ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་ཀྱིས་རླུང་བརྟེན་རླབས་གཤགས་ངང་ཞུམ་མེད་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
     ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ། དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་གི་སྤུན་ཟླ། ཨའོ་མོན་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ། དེ་བཞིན་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་གནང་ཡོད།
    ཞི་ཅིན་ཕིང་གིས། 2024ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ལོ་གཅིག་རིང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལས་བྱུང་བའི་འགྲན་སློང་གི་མདུན་དུ། ང་ཚོས་བབ་བསྟུན་མཁས་སྒྲུབ་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་གཙོ་བོ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་ཆེས་སྤྱིར་བཏང་མིན་པ་དང་ཐོབ་པའི་གྲུབ་འབྲས་ནི་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ཡིན་པས། ང་ཚོས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། ལོ་གཅིག་རིང་། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་ནན་སྟོན་གནང་ཡོད།
     ཞི་ཅིན་ཕིང་གིས། 2025ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན། ང་ཚོས་བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྔར་ལས་ལྷག་པའི་ངང་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པ་བྱེད་པ། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། ལོ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་འགྲུབ་ཡོང་བ་བྱེད་པ་བཅས་ཀྱི་ཐོག་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ཡག་པོ་ཞིག་འཛུགས་ཐུབ་ཆེད་རྨང་གཞི་བརྟན་པོ་གདིང་དགོས་ཞེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། མི་དམངས་སྲིད་གྲོས་ཀྱིས་ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྲིད་གྲོས་དང་ཐབས་འདོན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས། མི་སེམས་གཅིག་སྡུད་དང་ཐུན་མོང་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་སྔར་ལས་རྒྱ་ཁྱབ་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
     ཇ་སྟོན་ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག  བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། 2025ལོའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཐུབ་ཆེད་རྒྱ་ཁྱབ་ངང་སེམས་ནུས་གཅིག་སྒྲིལ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས་ཡོད།
     དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན་གྱིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ཏེ་གསུང་བཤད་གནང་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། སེམས་སྤྱོད་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཇ་སྟོན་ཚོགས་འདུའི་ཐོག ཞི་ཅིན་ཕིང་སོགས་ལས་རིགས་ཁག་གི་མི་སྣའི་ཁྲོད་དུ་ཕེབས་ཏེ་ཚང་མ་དང་བྱམས་བརྩེའི་ཕྱག་བཏང་གནང་ནས་ཕན་ཚུན་འཚམས་འདྲི་ཞུས་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་རིག་རྩལ་ལས་དོན་པ་ཚོས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་གནང་ཡོད། མཇུག་ཏུ་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་མཉམ་ལེན་གནང་ཞིང་། ཚོགས་རའི་ནང་སྤྲོ་སྣང་བག་ཕེབས་ཀྱི་རྣམ་པས་ཁེངས་ཡོད།
     པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ཁག་གཅིག རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བའི་པེ་ཅིང་དུ་ཡོད་པའི་བློ་མཐུན་རྒན་གྲས་བཅས་ཇ་སྟོན་ཚོགས་འདུར་ཞུགས་ཡོད།