སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་ངོ་མ་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་འཛིན་དགོས་ཞེས་བསྟན་གནང་ཡོད། ལོ་གསར་པ་ཤར་ཚུན། འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི“རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན”འབོར་ཆེན་ཞིག་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་ཚན་རྩལ་གྱི“སྲ་ཞིང་བརྟན་པའི”སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་ཏེ། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་རོགས་རམ་བྱེད་ཀྱི་ཡོད་ཅིང་། ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་སྟོབས་ཤུགས་མངོན་ཡོད།
ཀྲུའུ་ཅང་གཙང་པོའི་འགྲམ་དུ“ཕུགས་འདུན་རྟགས་ཅན”གྱིས་ཟིན་གྲབས་ཡོད་པའི་མཚོ་འགྲུལ་ཐོག་མ་དེར་གྲ་སྒྲིག་སྣ་ཚོགས་བྱེད་བཞིན་ཡོད། དེས་སྨི་11000གི་གཏིང་དུ་འཛུལ་ནས། རྒྱ་མཚོའི་ནང་འཛུལ་བའི་གཏིང་ཚད་གསར་པ་གཏོད་རྒྱུ་རེད།
ཧོང་ཧའེ་རྒྱ་མཚོའི་འགྲམ་དུ་ཅེ་ལུང་རྟགས་ཅན་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་མཚོ་ཐོག་འཕེན་གཏོང་གི་ལས་འགན་སྒྲུབ་ཉེར་ཡོད་པ་རེད། ད་ལོ་ཀྲུང་གོའི་མཁའ་སྐྱོད་ཀྱིས་མཁའ་སྐྱོད་ཀྱི་ལས་གྲྭ་གལ་ཆེན་མང་པོ་ལེགས་གྲུབ་བྱས་ནས་ཀྲུང་གོའི་མཐོ་ཚད་གསར་པ་གཏོད་རྒྱུ་རེད།
པེ་ཅིང་དང་ཐེན་ཅིན་གྱི་ས་གཞི་ཆེན་པོར་CR450ཤུགས་འགྲེམས་མེ་འཁོར་ཚོགས་པས་ལམ་ཐིག་ཐོག་ཚོད་ལྟ་དང་དཔྱད་ཞིབ་བྱེད་བཞིན་ཡོད་པ་དང་། ཆུ་ཚོད་རེའི་ཚོད་ལྟའི་མྱུར་ཚད་450ཟིན་ནས་ཀྲུང་གོའི་མྱུར་ཚད་གསར་པ་བཏོད་ཡོད།
རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་ནི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་དོ་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། ཚན་རིག་ཞིབ་འཇུག་གི་འཐབ་ཕྱོགས་དང་པོར་རྟོག་ཞིབ་དང་བརྟག་ཞིབ་ཐེངས་མང་གནང་བ་དང་། ཚན་རྩལ་ལས་ཀ་བྱེད་མཁན་དང་ངོ་ཐུག་སྤེལ་རེས་གནང་ཡོད། ཧུའུ་ནན་དུ། ཁོང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་ཐད་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས་ཞེས་བསྟན་པ་དང་། ཧུའུ་པེ་རུ། ཁོང་གིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་ཡོད། ཧྥུ་ཅན་དུ། ཁོང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་གཏོད་དགོས་ཞེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བཀོད་སྒྲིག་གལ་ཆེན་གྱིས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཚན་རྩལ་གསར་གཏོད་བྱེད་དགོས་པ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་བསྐྱལ་ཡོད། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་ནས་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་ཞེས་བཏོན་པའི་བར་དང་།《ཚན་རྩལ་གྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》ནས《རྒྱལ་ཁབ་ཀྱི་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རྩ་གནད》བར། གསར་གཏོད་ལ་དམིགས་པའི་བསྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་མགྱོགས་མྱུར་ངང་བཏོན་ཏེ། རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་གཏོད་རྒྱུར་གསར་གཏོད་ཀྱི་འབྱུང་ཁམས་བསྐྲུན་ཡོད།
འདས་མ་ཐག་གི་ལོ་གཅིག་ནང་། ཀྲུང་གོའི་བློ་གྲོས་མངོན་ཞིང་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་འདུས་པའི་རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་འབོར་ཆེན་ཞིག་ལ་གྲུབ་འབྲས་ཐོབ་པའི་གནས་ཚུལ་ཡང་ཡང་གྲགས་ཡོད། ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་མིའི་རིགས་ཀྱིས་ཟླ་བ་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་ཐེངས་དང་པོ་བླངས་པ་དང་། མཁའ་སྐྱོད་པའི་ཚོགས་ཆུང་གིས་གྲུ་ཚང་ནས་ཐོན་པའི་འགུལ་སྐྱོད་དུས་ཚོད་ཀྱི་ཟིན་ཐོ་བསྟུད་མར་བཏོད་པ། “ཀྲུང་གོའི་གནམ་མིག”FASTཡིས་རྩ་འཕར་བརྟན་སྐར་1000ལྷག་ཙམ་རྙེད་པ། “ཀླུ་མོ་རྟགས་ཅན”གྱིས་ཆུའི་འོག་ཏུ་ཐེངས་300བདེ་བླག་ངང་འཛུལ་བ་བཅས་རེད། གནམ་གཏིང་ནས་མཚོ་གཏིང་བར་ཀྲུང་གོས་མཐོ་ཚད་རྒྱུན་ཆད་མེད་པར་གསར་དུ་བཏོད་པས། ཚན་རྩལ་གྱི་སྟོབས་ཤུགས་དེ་གྲངས་ཚད་གསོག་འཇོག་ནས་སྤུས་ཚད་མཐོར་གཏོང་གི་ཕྱོགས་སུ་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་དེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་དགོས་ཞེས་ཁ་གསལ་བཟོས་ཡོད་པ་མ་ཟད། “ཚན་རྩལ་རྣམ་གྲངས་གལ་ཆེན་སྔོན་ལ་བཀོད་སྒྲིག” བྱ་དགོས་པ་དང་། “མི་ཐབས་རིག་ནུས་+’གྱི་བྱ་སྤྱོད་སྤེལ་ནས་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་བྱ་དགོས”ཞེས་ཁ་གསལ་བཟོས་ཏེ། རྒྱང་ལམ་གསར་པའི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ཆེད་འཆར་གཞི་གསར་པ་བཏིང་ཡོད།
དེང་གི་ཀྲུང་གོར། རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་རེ་རེ་ནི་“མེ་འཁོར་གྱི་མགོ”དང་“འཁྱགས་གཏོར་གྲུ་གཟིངས”ལྟར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱིས་སྤུས་མཐོའི་གོང་འཕེལ་གྱི་ལམ་བུའི་ཐོག་ཞུམ་མེད་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱེད་བཞིན་ཡོད།
ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཚད་ཡོད་ཀུང་སིར།AEP100རྟགས་ཅན་གྱི་སྒུལ་བྱེད་འཕྲུལ་འཁོར་རང་བརྟེན་ཞིབ་བཟོ་མགྱོགས་པོ་བྱེད་བཞིན་ཡོད་པ་དང་། གང་དེ་འཛམ་གླིང་ཧྲིལ་པོའི་མི་མེད་ཟོག་འདྲེན་གནམ་གྲུ་ཆེ་ཤོས་དེར་སྒྲིག་སྦྱོར་བྱས་ནས་ད་ལོ་འཕུར་སྐྱོད་ཐེངས་དང་པོ་བྱ་རྒྱུ་དང་། ཧྲང་ཧའེ་ཝའེ་ཀའོ་ཆའོ་ཡི་གྲུ་གཟིངས་བཟོ་ཡུལ་དུ། རྒྱལ་ཐོན་གྱི་སྦྲག་གྲུ་ཆེ་གྲས་གཉིས་པ་དེའི་གྲུ་གཟུགས་གཙོ་བོ་བཟོས་ཚར་གྲབས་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ལོ་སྟོད་དུ་བེད་སྤྱོད་ཐེངས་དང་པོ་བྱ་རྒྱུ་ཡིན།
ལོ་གསར་པར། རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་གྱིས་ལས་གྲྭ་གལ་ཆེན་མང་པོ་ཞིག་ལ་རམ་འདེགས་བྱེད་བཞིན་ཡོད།
ཅང་སུའུ་ནན་ཐུང་དུ། ཚངས་ཐིག་སྨི་16.64སྔོག་ཐུབ་པའི་“ཅང་ཧའེ་རྟགས་ཅན”ལ་མཐའ་མཇུག་གི་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་ཅིང་། དེས་འཛམ་གླིང་སྟེང་གི་གཞུང་ལམ་ཆུ་འོག་ཕུག་ལམ་རིང་ཤོས་ཏེ---ཧའེ་ཐའེ་འབྲི་ཆུའི་ཕུག་ལམ་གསོར་འབིགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
ཀོང་ཏུང་ཧུའེ་ཀྲོའུ་དང་ཀྲེ་ཅང་ཝེན་ཀྲོའུ་རུ། “ཧྭ་ལུང་དང་པོ་རྟགས་ཅན་”གྱི་ཉིང་རྡུལ་རྣམ་གྲངས་མང་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ཏུན་300ལས་བརྒལ་བའི་འགྱུར་འབྱུང་ཕུང་པོའི་གནོན་ཤུགས་སྣོད་ཆས་དང་། ཏུན་400ལས་བརྒལ་བའི་རླངས་འགྱུར་འཕྲུལ་ཆས། ལྟེ་བའི་དབང་རྩའི“མཐུན་འགྲིག་མ་ལག”སོགས་རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་དེ་དག་གིས་“ཧྭ་ལུང་དང་པོ་རྟགས་ཅན”གྱིས་བདེ་འཇགས་དང་བརྟན་ལྷིང་ངང་གློག་གཏོང་རྒྱུ་མངོན་འགྱུར་ཐུབ་པ་བྱེད་བཞིན་ཡོད།
ལོ་གསར་པར། རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་གྱིས་རྨང་གཞིའི་ཞིབ་འཇུག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
ཧྲའན་ཞི་ཞི་ཨན་དང་ཀོང་ཏུང་ཏུང་ཀོན་དུ། སྔོན་ཐོན་གྱི་ཨ་མེའོ་སྐུལ་འོད་སྒྲིག་ཆས་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། ཨ་མེའོ་སྐུལ་འོད་ཀྱི“མྱུར་ཚད་ཆེས་མགྱོགས་པའི་བརྙན་ལེན་འཕྲུལ་ཆས”ལ་བརྟེན་ནས་མིའི་རིགས་ཀྱིས་གློག་རྡུལ་གྱིས་རྡུལ་ཕྲ་རབ་ནང་ཁུལ་དུ་འགུལ་སྐྱོད་གང་འདྲ་བྱེད་མིན་ལྟ་ཞིབ་ཐུབ་ཀྱི་ཡོད།
ཀོང་ཏུང་ཅང་མོན་དུ། ཕྲ་རྡུལ་འབྲིང་མའི་ཚོད་ལྟའི་སྒྲིག་ཆས་ཀྱིས་བཤེར་གཟུགས་དངོས་པོ་བླུག་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ་8པར་དངོས་སུ་བཀོལ་སྤྱོད་བྱས་ནས་གྲངས་གཞི་བསྡུ་ལེན་ཐུབ་པ་བྱ་རྒྱུ་རེད། ཚན་རིག་མཁས་ཅན་ཚོས་གང་དེར་བརྟེན་ནས་འཇིག་རྟེན་ཁམས་ཀྱི་ཆེས་ཐོག་མའི་རྨང་གཞིའི་གཞི་རྡུལ་ཏེ---ཕྲ་རྡུལ་འབྲིང་མ་འཚོལ་དཔྱད་བྱ་རྒྱུ་རེད།
“ཚོད་ལྟ་ཁང”ནས་“ཐོན་སྐྱེད་སྦྲེལ་ཐག”བར། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ནས་འབྱུང་འགྱུར་ཐོན་ལས་བར། རི་གཤགས་ལམ་བཟོ་ནས་ཆུ་སྒྲོལ་ཟམ་རྒྱག་བར་དང་། མཁའ་ལྡིང་ཆུ་འཛུལ་ནས་འཇིག་རྟེན་འཚོལ་དཔྱད་བར། གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་རེ་རེ་དང་། རྩལ་ནུས་ཕུལ་དུ་བྱུང་བའི་རྒྱལ་ཁབ་ཆེན་པོའི་ལག་རྩལ་དང་སྒྲིག་ཆས་གལ་ཆེན་རེ་རེ་ལས་དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་དང་སྟོབས་ཤུགས་མངོན་གྱི་ཡོད།