རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་1ཚེས་17ཉིན་གྱི་དགོང་མོར་ཞལ་ཆད་ལྟར་ཨ་རིའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་བསྐྱོན་གནང་ཡོད།
ཞི་ཅིན་ཕིང་གིས་ཐེ་རོན་ཕུ་སླར་ཡང་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས། ང་ཚོས་ཕན་ཚུན་མཉམ་འགུལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཨ་རིའི་ཙུང་ཐུང་གི་འགན་ཡུན་གསར་པའི་ནང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འགོ་ཡག་པོ་ཞིག་འཛུགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་འགོ་འཛུགས་ས་གསར་པའི་ཐོག་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རླབས་ཆེན་གྱི་རྒྱལ་ཁབ་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་རང་སོ་སོའི་ཕུགས་འདུན་དོན་གཉེར་བྱེད་པ་དང་། མི་དམངས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་རོལ་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱ་ཆེ་བའི་མཉམ་ལས་ཀྱི་བར་ཁམས་གནས་ཡོད་པས། རོགས་ཟླ་དང་གྲོགས་པོར་གྱུར་ནས་ཕན་ཚུན་གྲུབ་འབྲས་ཐོབ་ཏུ་འཇུག་པ་དང་། ཐུན་མོང་དར་རྒྱས་ཡོང་བ། རྒྱལ་ཁབ་གཉིས་པོར་ཕན་བདེ་བསྐྲུན་པ། འཛམ་གླིང་ལ་ཕན་པ་བསྐྲུན་པ་བཅས་བྱེད་ཐུབ་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་ཚུལ་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨ་རིའི་དབར་འགལ་ཟླ་ཁག་གཅིག་ཡོང་སྲིད། འགག་རྩ་ནི་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱ་ཡུལ་ལ་བརྩི་འཇོག་བྱས་ནས། གནད་དོན་ཐག་གཅོད་འོས་འཚམ་བྱེད་པའི་བྱ་ཐབས་འཚོལ་དགོས། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་དང་འབྲེལ་བ་ཡོད་པས། ཨ་རིས་ངེས་པར་དུ་གཟབ་ནན་ངང་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པས། ཁ་གཏད་དང་གདོང་ཐུག་ནི་ང་ཚོའི་གདམ་ག་མིན། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་དང་བྱ་བ་དངོས། བྱ་བཟང་བཅས་མང་ཙམ་བསྒྲུབས་ཏེ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་བརྟན་ལྷིང་དང་སྐྱོན་བྲལ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་རླབས་ཆེན་འབྲེལ་བར་གཅེས་འཛིན་བྱེད་ཀྱི་ཡོད་པས། མུ་མཐུད་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་གང་མགྱོགས་ཐུག་འཕྲད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཨ་རི་དང་ཀྲུང་གོ་ནི་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་གལ་ཆེ་ཤོས་གཉིས་ཡིན་པས། ཡུན་རིང་གི་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུག་རེན་གྱི་ཉམས་ཉེན་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཐབ་ཇུས་འབྲེལ་གཏུག་ཐབས་ལམ་བཏོད་ནས། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་རྒྱུན་གཏན་རང་བཞིན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་ཡོད།