རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པར་གོ་བ་ཇི་ལྟར་ལེན་དགོས་སམ།
སྤེལ་དུས 2022-07-22
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ལན། 《གྲོས་ཆོད》ནང་། “ཏང་གིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས་ཆད་གཅོད་ཀྱི་ཟིལ་གནོན་དང་། ལམ་ལུགས་ཀྱི་གཅུན་འདོམས། གོ་རྟོགས་མཐོ་རུ་གཏོང་བ་བཅས་སྡེབ་གཅིག་ལ་ཤུགས་སྣོན་རྒྱག་དགོས་ལུགས”བཏོན་ཡོད། འདི་ནི་རིགས་པའི་གཞུང་ལུགས་དང་ལག་ལེན་དང་། བཀོད་སྒྲིག་དང་འཐབ་ཇུས། དམིགས་ཚད་དང་བླང་བྱ་བཅས་ཟུང་འབྲེལ་བྱེད་པའི་ཐོག་ནས་དུས་རབས་གསར་པའི་རུལ་རྒོལ་འཐབ་རྩོད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་ཞིག་རེད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དེ་ནི་རུལ་རྒོལ་འཐབ་རྩོད་ཀྱི་རྩ་བའི་བྱེད་ཕྱོགས་ཤིག་རེད་ལ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕྱོགས་གལ་ཆེན་ཞིག་ཀྱང་རེད།
རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ནི་ཕན་ཚུན་མཉམ་གནས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཞིག་ཡིན་པ་ལས། དུས་མཚམས་གསུམ་ལ་དབྱེ་བ་ཕྱེ་བ་ཞིག་མིན་ལ། ལྷུ་ཚིགས་གསུམ་དུ་དབྱེ་བ་ཕྱེ་བ་ཞིག་དེ་བས་མིན། དེའི་ཁྲོད“བྱེད་མི་ཕོད་པ”ནི་སྔོན་འགྲོ་ཡིན་པ་དང་སྒྲིག་བསྟར་དང་ཁྲིམས་འཛིན་ནན་པོར་བརྟེན་ནས་ལམ་ལུགས་ཀྱི་དམ་ནན་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་དང་ལས་བྱེད་པས་ཞིབ་བཤེར་ལ་སྐྲག་ནས“བྱེད་མི་ཕོད་པ”ནས་ཏང་དང་མི་དམངས་ལ་གུས་སྐྲག་དང་ཏང་ཁྲིམས་དང་རྒྱལ་ཁྲིམས་ལ་གུས་སྐྲག་བྱེད་དགོས་པའི་ནན་བཤད་བྱས་ཡོད། “བྱེད་མི་ཐུབ་པ”ནི་འགག་རྩ་ཡིན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དབང་ཆ་བཀོད་སྒྲིག་དང་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་འདོམས་ལམ་སྲོལ་གྱི་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིམ་བཞིན་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་མ་ལག་དང་ནན་ལ་སྤྱོད་གོ་ཆོད་པའི་ལྟ་འདོམས་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། “བྱེད་མི་འདོད་པ”ནི་རྩ་བ་ཡིན་པ་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། སྤྱོད་གཙང་གི་རིག་གནས་ཟབ་ཏུ་གཏོང་བ་བཅས་ལ་བརྟེན་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།
གཅིག རུལ་སུངས་ནི་རང་རེའི་ཏང་གིས་ཡུན་རིང་སྲིད་འཛིན་བྱེད་རིང་གི་ཉེན་ཁ་ཆེ་ཤོས་ཡིན་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་མ་ཕོད་པ་དང་རྩ་བ་ནས་ཕམ་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་རེད། དུས་རབས་གསར་པའི་རུལ་རྒོལ་འཐབ་རྩོད་ནི་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། རུལ་སུངས་ཀྱི་གནད་དོན་དང་ཆབ་སྲིད་ཀྱི་གནད་དོན་རྟག་ཏུ་མཉམ་དུ་ཐོན་པ་དང་། ཕན་ཚུན་མཉམ་འདྲེས། ཕན་ཚུན་སིམ་འཛུལ་བཅས་ཡིན་པ་དང་རུལ་སུངས་བར་རྟག་ཏུ་ཆབ་སྲིད་ཐད་ངོ་བོ་འགྱུར་བ་དང་། དཔལ་འབྱོར་ཐད་འདོད་རྔམ་ཆེ་བ། འཚོ་བའི་ཐད་རུལ་བསླད། ཀུན་སྤྱོད་ཞན་པ། སྤྱོད་ཚུལ་ཧམ་ཤེད་བཅས་གཞི་གཅིག་ཏུ་འདུས་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས་ཏང་གི་སྲིད་སྐྱོང་ཐད་ཀྱི་ཉེན་ཁ་ཆེ་ཤོས་ཡིན་པའི་རུལ་སུངས་ཀྱི་གནས་ཚུལ་སྔར་བཞིན་གནས་པ་དང་རུལ་སུངས་གཙང་སེལ་ཐུབ་མེད་པ་དང་ད་དུང་ཐོན་བཞིན་ཡོད་པ་མ་ཟད། རུལ་བསླད་དང་རུལ་རྒོལ་འཐབ་རྩོད་ཡུན་རིང་གནས་པས། ལྷོད་གཡེང་ཕྲན་ཙམ་བཏང་ཚེ་རྐང་རྗེས་ལག་སུབ་བྱེད་སྲིད། དུས་བབ་དང་ལས་འགན་ལ་འཕེལ་རྒྱས་འགྱུར་ལྡོག་ཕྱིན་པ་ལས། བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་དང་རྩ་ལག་མཉམ་བཅོས་ཀྱི་འདུ་ཤེས་ལ་བརྟེན་ནས་རུལ་སུངས་བཅོས་སྒྲིག་བྱེད་པའི་བླང་བྱ་ཇེ་མཐོར་འགྲོ་བཞིན་ཡོད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་འཕྲལ་བཅོས་རྩ་བཅོས་དང་གཅུན་འདོམས་ལྕག་སྐུལ་ཟུང་འབྲེལ་བྱས་ནས་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་སྲ་བརྟན་དང་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཐུབ།
གཉིས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་པར་དུ་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ“ནན་པོའི”རྣམ་པ་མཐའ་འཁྱོངས་དང“ཆད་གཅོད”བྱེད་ཤུགས་ཆེ་རུ་བཏང་སྟེ་མཚམས་དང་ཚོད་མེད་པའི་རུལ་སུངས་བར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། ཁེ་ཕན་ཚོགས་པ་སྣ་ཚོགས་ཀྱིས་འགོ་ཁྲིད་ལས་བྱེད་པ“སྐོར་བཅོམ”དང“བཙན་ཁྲིད”བྱེད་པར་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ། ཉེན་ཁའི་རྒྱབ་ཀྱི་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་མེད་པར་བཟོ་དགོས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་ཀྱི་གྱོད་གཞིར་དམིགས་ནས། ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་མངོན་བརྩི་ལྐོག་འགལ་གྱི“མགོ་གཉིས་མར”ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། དངུལ་རྩའི་ཐོན་ཁུངས་དབང་ཆ་བེད་སྤྱད་དེ་ལྐོག་ཚོང་ཚབས་ཆེན་བྱེད་པ་དང་གཞུང་ཁོངས་དངུལ་རྩའི་རྒྱུ་ནོར་་ཧམ་ཟ་བྱེད་མཁན་རུལ་སུངས་བ་གཙང་སེལ་བྱེད་པ། ཁེ་ལས་ལ་བརྟེན་ནས་ཁེ་བཟང་རག་ཐབས་བྱེད་པ་དང་གོ་གནས་དང་དབང་གང་བྱུང་དུ་སྤྱད་ནས་གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོ་བ་སོགས་ཀྱི་རུལ་སུངས་ཀྱི་བྱ་སྤྱོད་སྔོག་འདོན་གཏིང་ཟབ་བྱེད་པ། སློབ་གསོའི་ཁོངས་གཏོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཁྲིམས་ཁོངས་གཏོགས་ཀྱི་རུལ་སུངས་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་ངན་གཤེད་ཕྱོགས་གཏོགས་དང་འབྲེལ་བ་ཡོད་པའི་རྒྱབ་རྩ་རྩད་གཅོད་མཐར་ཕྱིན་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་ལས་བྱེད་པ་450གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་དང་། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཁྲི་380ལྷག་ཙམ་ཐོ་འགོད་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་དང་། མི་ཁྲི་408ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པ་ནས་2021ལོའི་ཟླ་6པའི་བར། རྒྱལ་ཡོངས་སུ་ཁྱོན་མི་ཁྲི་4.2ཀྱིས་རང་འགུལ་ངང་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་བཙལ་ནས་རང་ཉེས་ངོས་ལེན་ཞུས་པར་བརྟེན་རུལ་སུངས་བཀག་འགོག་ནུས་ལྡན་ཐུབ་ནས་རྩ་ལག་མཉམ་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།
གསུམ་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བར་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་དང་བཅོས་སྐྱོང་གི་ཕན་འབྲས་དེ་བས་ཆེ་བ་ལྡན་པར་བྱེད་དགོས། གཅིག་ནས་རུལ་སུངས“བྱེད་མི་ཕོད་པ་དང་། བྱེད་མི་ཐུབ་པ། བྱེད་མི་འདོད་པ”བཅས་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས་ཤིང་། དེ་དག་གསུམ་གྱི་ནང་གནས་འབྲེལ་བ་བསལ་ནས་ཁྲིམས་གཅོད་ནན་པོ་བྱེད་པ་དང་དུས་མཚུངས། ལམ་ལུགས་ཀྱི་རླུང་ཙི་དམ་དུ་གཏོང་བ་དང་། དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། ཏང་གཤིས་སློབ་གསོར་ཤུགས་སྣོན་རྒྱག་པ། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་བཅས་བྱེད་པའི་ཁར། གསོག་འབོར་ཐག་གཅོད་ནུས་ལྡན་དང་ལྟ་སྐུལ་བཀག་འགོག་གི་སྤྱི་འབོར་འཕར་ཚད་ཆེ་རུ་གཏོང་བ་བརྒྱུད། ཆད་གཅོད་ཟིལ་གནོན་དང་། ལམ་ལུགས་ཀྱི་གཅུན་འདོམས། གོ་རྟོགས་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཐད་མཉམ་ཤུགས་བཏོན་ནས་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་རུལ་སུངས“བྱེད་མི་ཕོད་པ་དང་། བྱེད་མི་ཐུབ་པ། བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཏང་གིས་རུལ་རྒོལ་འཐབ་རྩོད་ལ་གཅིག་གྱུར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལམ་སྲོལ་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དང་ལྟ་སྐུལ་འབྲེལ་མཐུད་མཐུན་སྦྱོར་སྣ་ཚོགས་ཀྱི་ལྟ་སྐུལ་མ་ལག་ཆགས་པར་སྐུལ་འདེད་གཏོང་བ། གཅིག་གྱུར་ཇུས་འདོན་དང་གཞི་གཅིག་འཁོར་སྐྱོད་ཀྱི་སྒྲིག་བཤེར་དང་། ལྟ་སྐུལ། སྒྲིག་བསྟར། ཁྲིམས་བསྟར་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གསུམ་ནས་རུལ་སུངས“བྱེད་མི་ཕོད་པ་དང་། བྱེད་མི་ཐུབ་པ། བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐབས་ཤེས་དང་ཐབས་ཇུས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། ཞིབ་འཇུག་དང་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེང་རབས་ཚན་རྩལ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་བེད་སྤྱོད་བྱས་ཏེ་རུལ་སུངས“བྱེད་མི་ཕོད་པ་དང་། བྱེད་མི་ཐུབ་པ། བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་གི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་མཛད་ཕྱོགས་མཐའ་འཁྱོངས་དང་ཏང་གི་སྲིད་ཇུས་དང་ཐབས་ཇུས་སྤྱོད་མཁས་པོ་བྱས་ཏེ། “རྣམ་པ་རིགས་བཞི”དང“དབྱེ་བ་འབྱེད་དགོས་རིགས་གསུམ”ཞིབ་ཕྲ་ཅན་དང་ཚད་ལྡན་ཅན་དུ་བཏང་ནས། རུལ་སུངས་ལ་ཁྲིམས་གཅོད་བྱེད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་ཡོན་དང་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཡང་སྲུང་སྐྱོང་བྱས་ཏེ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས།