ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ནམ་ཡང་གདོང་མཆོང་དུང་བརྡ་གཏོང་།

སྤེལ་དུས 2023-01-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གི་འགྲན་སློང་གསར་པ་དང་ཚོད་བགམ་གསར་པའི་མདུན་དུ། ང་ཚོས་ངེས་པར་དུ་ཚད་མཐོའི་ཉེན་ཟོན་དང་། རྒྱུགས་སྤྲོད་ཀྱི་རིག་པ་དྭངས་གསལ་དང་གཟབ་ནན་གྱི་རྣམ་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་བརྒྱའི་ཏང་ཆེན་པོ་འདི་རང་ངོས་གསར་བརྗེའི་ཁྲོད་རྒྱུན་ཆད་མེད་པར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཤོས་དང་ཆེས་འགྱུར་མེད་སྟོབས་ལྡན་གྱི་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་གནང་ཡོད། 2022ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐར་ཕྱིན་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་བ་དང་། བཟོད་སྒོམ་གཏན་ནས་མི་བྱེད་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་ངན་པར་ཆད་གཅོད་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཟམ་མི་ཆད་པར་གཙང་སེལ་བྱས་ཡོད་པ་རེད།  
      2022ལོར། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། “ཡོད་པ་བདུན”གྱི་གནད་དོན་མཐའ་གཅིག་ཏུ་སྔོན་འགོག་དང་བཅོས་སྒྲིག་བྱས་པ་དང་། ཏང་ལ་ངོ་ལྐོག་གཡོ་ལྷད་བྱེད་པའི་“ངོ་གཉིས་མ”གཙང་སེལ་བྱས་པ། ལྐོག་རྔན་སྤྲོད་ལེན་བྱེད་མཁན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ། འགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་འགྱུར་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱས་པ། སྲིད་ཚོང་ཕན་ཚུན་ངན་པ་ལག་འབྲེལ་གྱིས་ཆབ་སྲིད་ཀྱི་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ། གཞུང་ཁོངས་ཁེ་ལས་དང་། དངུལ་རྩ། སྲིད་ཁྲིམས། འབྲུ་རིགས་ཉོ་ཚོང་སོགས་ཀྱི་དབང་ཆ་གཅིག་བསྡུས་དང་མ་དངུལ་མང་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་རྒྱུན་མཐུད་དང་གཏིང་ཟབ་སྒོ་ནས་བཅོས་སྒྲིག་བྱས་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེ་བའི་ལས་རིགས་རང་བཞིན་དང་། རྒྱུད་རིམ་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་རུལ་སུངས་སུ་གྱུར་རིགས་གཙང་སེལ་མཐའ་གཅིག་ཏུ་བྱས་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་རུལ་སུངས་གནད་དོན་སྣ་ཚོགས་ལ་ཆད་གཅོད་མཐའ་གཅིག་ཏུ་བྱས་ཡོད། གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱེད་མཁན་ནས་བཅའ་ཁྲིམས་ཀྱི་སྒྲིག་ལམ་རྡོག་རོལ་གཏོང་མཁན་དུ་གྱུར་པ་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ལས་ཨུ་ཡོན། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཧྲེན་ཏེ་ཡུང་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། སུན་ལི་ཅུན་གྱི་ཆབ་སྲིད་ཚོགས་པའི་ནང་ཞུགས་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ཧྥུའུ་ཀྲེང་ཧྭ་དང་། རྒྱལ་ཁབ་བདེ་འཇགས་པུའུ་རུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ལྟ་ཞིབ་ཚོགས་ཆུང་གི་དེ་སྔའི་ཙུའུ་ཀྲང་ལིའུ་ཡན་ཕིང་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད་པ་རེད།
     2022ལོར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་32ནས་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱས་པའི་གནས་ཚུལ་ཡོངས་བསྒྲགས་ཐོག་བརྡ་ཁྱབ་བཏང་བ་དང་། ཀྲུང་དབྱང་ནས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པ་37ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་ཕོག་པའི་བརྡ་ཁྱབ་བཏང་ཡོད། 2022ལོའི་ཟླ་1པོ་ནས་ཟླ་11པའི་བར། “གནམ་རྒྱའི་2022ལོའི”བྱ་སྤྱོད་ཀྱིས་ཕྱི་རྒྱལ་དུ་བྲོས་བྱོལ་འགྲོ་མཁན་མི་སྣ་840རྗེས་འདེད་བཏང་ཐུབ་པ་དང་བཙོག་དངུལ་སྒོར་དུང་ཕྱུར་65.5ཚུར་ལེན་ཐུབ་ཡོད་པ་རེད།
     རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཏང་ལ་འཕྲད་པའི་“ཚོད་བགམ་ཆེན་པོ་བཞི་”ཡུན་རིང་གནས་རྒྱུ་དང་། “ཉེན་ཁ་རིགས་བཞི་”ཡུན་རིང་གནས་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས། རུལ་སུངས་སུ་འགྱུར་བའི་གནད་དོན་འབྱུང་ས་དང་ཆ་རྐྱེན་ཡོད་ཕྱིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་སྐད་ཅིག་ཙམ་ཡང་མཚམས་འཇོག་མི་རུང་བར་ངེས་པར་དུ་གདོང་མཆོང་གི་དུང་བརྡ་ཇི་སྲིད་བར་གཏོང་དགོས་ཞེས་ཁ་གསལ་བསྟན་ཡོད།
     2022ལོའི་ཟླ་11པའི་ཚེས་5ཉིན། སྐབས་དེ་དུས་ཀྲུང་གོ་མི་དམངས་དངུལ་ཁང་གི་ཏང་ཨུད་ཨུ་ཡོན། འགོ་འཛིན་གཞོན་པའི་འགན་འཁུར་བའི་ཧྥན་དབྱི་ཧྥེ་འཛིན་བཟུང་ཐུབ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་ཞིབ་བཤེར་ཐུབ་པའི་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ་དང་པོ་དེར་གྱུར་ཡོད། དེ་ནས་མི་རིང་བར། ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་ཕེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་པས། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཡོད། འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་མཁན་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ་དང་པོ་དེ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཀྲུང་དབྱང་ནས་དོ་དམ་བྱེད་པའི་ལས་བྱེད་པ་10འཛིན་བཟུང་ཐུབ་ནས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་དེ་ཡང་ནམ་ཡང་ལམ་དུ་ཡོད་པའི་བརྡ་འཕྲིན་གསལ་པོ་བཏང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།