ཟླ་8ཚེས་28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》དེ་ད་ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》ཁྱོན་དོན་ཚན་ཉི་ཤུ་རྩ་ལྔ་ཡོད་པ་དང་། དེ་ནི་རྒྱལ་ནང་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་རེད། སྲོལ་ཡིག་དེའི་ནང་ཐུམ་འབུའི་ནད་འགོག་བཅོས་ཀྱི་རྩ་དོན་བྱེད་ཕྱོགས་དང་ལས་ཀའི་ལམ་སྲོལ་གཏན་འཁེལ་དང་། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ཞིབ་ཕྲའི་ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ། འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་ཞིབ་ཕྲའི་བླང་བྱ་ཞིབ་ཚགས་སུ་གཏོང་བ། ནད་པར་སྨན་བཅོས་རོགས་སྐྱོབ་བྱེད་པའི་འགན་ལེན་ལམ་སྲོལ་ཤུགས་ཆེར་གཏོང་བ་བཅས་བྱས་ཡོད་ལ། ཐུམ་འབུའི་ནད་འགོས་ཁྱབ་རྒྱུ་ལམ་བཀག་འགོག་བྱེད་པའི་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ཡོད། སྲོལ་ཡིག་དེའི་ནང་། རྫོང་རིམ་པ་ཡན་གྱི་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་དང་། དམངས་སྲིད། སྨན་བཅོས་འགན་ལེན་སོགས་སྡེ་ཚན་གྱིས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ཐུམ་འབུའི་ནད་ཕོག་པའི་ནད་པ་དང་དེའི་ཁྱིམ་ཚང་ལ་སྨན་བཅོས་དང་འཚོ་བའི་རོགས་སྐྱོབ་བྱེད་དགོས་པ་དང་ཆབས་ཅིག ཁྱི་དོ་དམ་དང་། ཁྱི་འབུ་འདེད་པ། གནོད་མེད་ཅན་གྱི་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་གནད་དོན་ཐད་ཚད་གཞི་གསལ་པོ་བཟོས་ཡོད།
མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་སུ་ཐུམ་འབུའི་ནད་མཆེད་ཚབས་ཆེ་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཁྱི་སྐྱག་དང་དེ་བཞིན་ཕྱུགས་རིགས་ཀྱི་འབུ་ལྡན་ནང་ཁྲོལ་ནི་ཐུམ་འབུའི་ནད་ཀྱི་འགོས་ཁུངས་གཙོ་བོ་དེ་ཡིན་པ་རེད། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་བྱ་སྤྱོད་སྤེལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་མི་ཚོགས་ལ་ཐུམ་འབུའི་ནད་ཕོག་ཚད་2012ལོའི་0.63%ནས་ 2022ལོའི་ལོ་མཇུག་གི0.14%བར་ཆག་པ་དང་། ཐུམ་འབུའི་ནད་མཆེད་ཚབས་ཆེ་བའི་རྣམ་པར་ཚོད་འཛིན་ནུས་ལྡན་ཐུབ་ཡོད།ད་ཐེངས་《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》བཏོན་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་མཚོན་པ་དང་། སླད་ཕྱིན་ཐུམ་འབུའི་ནད་འགོག་བཅོས་ལས་དོན་སྤེལ་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།
རྩོམ་སྒྲིག་པ། མང་ག་མཚོ།