ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གཞིས་རྩེའི་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ།

སྤེལ་དུས 2023-09-05 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།

                ཉེ་ཆར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་2023ལོའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོར་འགོད་ཚད་དང་གྱོང་གུན་ཕོག་ཚད་ན་ནིང་གི་དུས་མཚུངས་ལས་སོ་སོར་61.9%དང་61.8%འཕར་ནས་གྲོང་ཁྱེར་ཡོངས་སུ་སྔ་རྗེས་སུ་གྱོང་གུན་སྒོར་ཁྲི་100ལས་བརྒལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཆེན་པོ་3ཐོན་པ་ལས་དྲ་རྒྱའི་དངུལ་བུན་རིགས་དང་། དྲ་ཐོག་བྲིན་རྫུའི་ཁེ་བཟང་རག་ཐབས་བྱེད་པའི་རིགས། མ་དངུལ་དང་རྒྱུ་ནོར་གཉེར་སྐྱོང་རྫུན་མའི་རིགས། དྲ་ཐོག་ཚོང་དོན་ཟོག་འགྲེམས་ཞབས་འདེགས་པར་བརྫུས་པའི་རིགས་བཅས་ཀྱི་ཁ་བསླུས་གྱོད་གཞི་རིགས་བཞི་ཡིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་ཐོ་འགོད་གྲངས་འབོར་དང་གྱོང་གུན་གྲངས་འབོར་གྱི་གསུམ་ཆ་གཉིས་བཟུང་བ་དང་། དམག་མི་དང་ཉེན་རྟོག་པར་བརྫུས་ནས་ཉོ་སྒྲུབ་དང་། ཉོ་སྒྲུབ་རྫུན་མ། “ཅིང་ཏུང་གི་ཞབས་ཞུ་བར”བརྫུས་པ་བཅས་ཀྱི་གྱོད་གཞི་མང་དུ་འགྲོ་བཞིན་ཡོད་པ་རེད།

               གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་མཱ་ཅོན་གྱིས་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་རྡུང་རྡེག་བཅོས་སྒྲིག་གི་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་མིག་སྔར་གྲོང་ཁྱེར་དེའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཐད་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ་ལྔ་ལྡན་ཡོད་ཅེས་བཤད་པ་རེད།

               གཅིག་ནས“ཐོན་མང་བ་དང་། ཐོན་སླ་བ། ངོ་བོ་གྱུར་ནས་གང་སར་ཁྱབ་པ”བཅས་ཀྱི་རྐྱེན་པས་གྱོད་གཞི་མང་དུ་འགྲོ་གི་ཡོད། འདི་ལོའི་ཟླ་དང་པོ་ནས་ཟླ་7ཚེས་31ཉིན་བར་གྱི་གྱོད་གཞི་ཐོན་པའི་གནས་ཚུལ་ལ་བལྟས་ན། གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་སྲོལ་རྒྱུན་གྱི་འཕྲོག་བཅོམ་ཁ་བསླུས་གྱོད་གཞི་ལས་བརྒལ་ནས་བཟུང་ཚད་ཨང་དང་པོའི་གྱོད་གཞི་གཙོ་བོ་ཞིག་ཏུ་གྱུར་ཏེ་གྲོང་ཁྱེར་ཡོངས་ཀྱི་ཉེས་དོན་གྱོད་གཞིའི་བསྡོམས་འབོར་གྱི་49.8%བཟུང་ཡོད།

               གཉིས་ནས་ཉེས་ཚང་མང་ཆེ་བ་མངའ་ཁོངས་ཕྱི་རོལ་ཏུ་གབ་ནས་ཡོད་པ་དང་། ཁྱབ་རྒྱ་ཆེ་བ། མངོན་ཆེན་པོ་མེད་པ། མང་ཆེ་བ་ཚོགས་པའི་ཉེས་གསོག་བཅས་ཡིན་པ་དང་ཁྲིམས་འགལ་གྱི་དྲ་སྦྲེལ་ཁ་པར་དང་། འཕྲིན་ཐུང་། དྲ་སྦྲེལ་སོགས་སྨྱན་སྦྱོར་ལ་བརྟེན་ནས་གནོད་འཚེ་ཕོག་མཁན་དང་འབྲེལ་བ་བྱེད་ཀྱི་ཡོད། དྲ་རྒྱའི་རྟོག་བཟོའི་རང་བཞིན་གྱིས་ཕྱི་རོལ་ཡུལ་གྱི་དཔང་རྟགས་མེད་པར་གྱུར་པ་མ་ཟད། ཉེས་པ་གསོག་སྟངས་ནི་རྒྱང་རིང་དང་། འབྲེལ་གཏུག་མེད་པ། ས་ཁོངས་ལས་བརྒལ་བ་བཅས་ཡིན་པས། སྤྱི་བདེ་ལས་ཁུངས་ཀྱིས་སྲོལ་རྒྱུན་གྱི་མྱུལ་ཞིབ་བྱ་ཐབས་སྤྱད་ནས་དུས་ཐོག་ཏུ་ཉེས་གསོག་དོགས་ཅན་གཏན་འཁེལ་བྱེད་ཐབས་བྲལ་བར་བརྟེན་གྱོད་གཞི་མྱུལ་ཞིབ་བྱེད་དཀའ་བར་གྱུར་གྱི་ཡོད། ཉེས་གསོག་དོགས་ཅན་གྱིས་དངུལ་ཁ་བསླུས་བརྒྱབ་རྗེས་འཕྲལ་མར་དྲ་ཐོག་དངུལ་ཁང་ངམ་ཡང་ན་དངུལ་ཁང་ནས་དངུལ་བསྒྱུར་ནས་ནག་དངུལ་སྤོ་སྒྱུར་བྱས་པས་གྱོང་གུན་བཀག་འགོག་བྱེད་ཁག་པོ་ཡོད་པ་རེད།

               གསུམ་ནས་བྱེད་ཐབས་རྒྱུན་མི་ཆད་པར་སྣ་ཚོགས་སུ་གྱུར་པ་དང་རིག་ནུས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཞིང་། མིག་སྔར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཁ་བསླུས་རྒྱག་སྟངས་30ལྷག་ཙམ་ཤེས་རྟོགས་བྱུང་ཡོད། ཟླ་7ཚེས་31ཉིན་བར། བྲིན་རྫུའི་ཁེ་བཟང་རག་ཐབས་བྱས་པའི་གྱོད་གཞི་48ཐོར་བཀོད་ནས་དེ་གྱོད་གཞི་མང་ཤོས་ཀྱི་ཁ་བསླུས་རྒྱག་སྟངས་སུ་གྱུར་པ་དང་། ཉོ་སྒྲུབ་རྫུས་མ་དང་ཞབས་ཞུའི་རིགས་ལ་བརྟེན་ནས་ཁྱོན་མ་དངུལ་སྒོར་ཁྲི་634གྱོང་གུན་ཕོག་པ་དེ་མ་དངུལ་མང་ཤོས་ཀྱི་ཁ་བསླུས་རྒྱག་སྟངས་ཤིག་ཏུ་གྱུར་ཡོད།

               བཞི་ནས་རྒྱལ་ནང་གི་མི་འབོར་ཆེན་ཞིག་གློག་འཕྲིན་ཁ་བསླུས་རྒྱག་མཁན་ཚོགས་པས“གླ་ཆ་མཐོ་པོ་སྤྲད་ནས་ལས་མི་བསྡུ་བ”སོགས་ལ་ཁ་གཡར་ནས་གློག་འཕྲིན་ཁ་བསླུས་བྱེད་སྒོར་ཞུགས་སུ་བཅུག་པ་དང་དྲ་རྒྱའི་ཁྲིམས་འགལ་ཐོན་ལས་ལྗོངས་ནང་ཁུལ་དུའང་སླེབས་ཏེ། ལྗོངས་ནང་ཁུལ་གྱི་ཁ་པར་ཨང་གྲངས་ལ་བརྟེན་ནས་ཁ་བསླུས་བརྒྱབ་པའི་གནས་ཚུལ་བསྟུད་མར་ཐོན་ཡོད་པ་རེད།

               ལྔ་ནས་གྱོད་འབྲེལ་གནོད་འཚེ་ཕོག་མཁན་ཚོགས་སྤྱི་ལས་རིགས་ཁག་ཏུ་ཁྱབ་པ་དང་ལྷག་དོན་དུ་གླ་པ་དང་། ཚོང་གཉེར་བ། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ་བཅས་མང་ཤོས་ཡིན་པ་དང་དེ་དག་གིས་གནོད་འཚེ་ཕོག་མཁན་བསྡོམས་འབོར་གྱི་གསུམ་ཆ་གཉིས་བཟུང་གི་ཡོད། དེ་དང་ཆབས་ཅིག་ལོ་20ནས་40བར་དང་། རིག་གནས་ཆུ་ཚད་ངེས་ཅན་ལྡན་པ། རིག་ནུས་ཅན་གྱི་བཀོལ་སྤྱོད་ཁོང་དུ་ཆུད་པ་བཅས་ཀྱི་ན་གཞོན་ཚོགས་སྤྱི་དག་ཁ་བསླུས་ཐེབས་སའི་ཚོགས་སྤྱི་གཙོ་བོར་གྱུར་ནས་བསྡུར་གྲངས་80%ཟིན་གྱི་ཡོད་པ་རེད།

               གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་མང་པོ་ཐོན་པའི་སྣང་ཚུལ་བཀག་འགོག་ནུས་ལྡན་བྱ་ཆེད། འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལས་དོན་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་སྒོ་ནས“སྔོན་འགོག་དང་། དོ་དམ། ཚོད་འཛིན། དྲིལ་བསྒྲགས”བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་དང་མཛུབ་ཁྲིད་ནུས་ལྡན་འོག་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་རིམ་ཁག་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་སྔ་རྗེས་སུ་ཆེད་དོན་ཚོགས་ཆུང་ཐེངས་35བཙུགས་ནས་ལྗོངས་ཕྱིར་མྱུལ་ཞིབ་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་ཏེ་གློག་འཕྲིན་ཁ་བསླུས་གྱོད་གཞི་54རྩད་ཆོད་པ་རེད།

              གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་ལས་སྟེགས་སྣ་ཚོགས་ལ་བརྟེན་ནས་ཉེན་བརྡ་གཏོང་བ་དང་བཀག་སྡོམ་བསླབ་བྱའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་འབྲེལ་ཡོད་ལས་དོན་དུས་ཐོག་ཏུ་སྤེལ་ནས་འཕྲལ་མར་གཏོང་སྤྲོད་བྱེད་མཚམས་འཇོག་པ་དང་བསྡམས་བཅད་བྱས་པ་རེད། འདི་ལོ་ནས་བཟུང་ཕལ་ཆེར་མགོ་སྐོར་ཐེབས་བཟོ་ཡོད་པའི་མི་ཁྲི་3.3ལྷག་ཙམ་ལ་སློབ་གསོ་བརྒྱབ་པ་ལས་མི་1200ལྷག་ཙམ་ལ་ངོ་ཐུག་གདོང་འཕྲད་བྱས་ནས་ཉེན་བརྡ་བཏང་བས་སྒོར་ཁྲི་50ཁ་བསླུས་ཐེབས་མེད། ཉེན་རྟོག་པ་དང་དངུལ་ཁང་མཉམ་ལས་དང་དེ་བཞིན་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལས་སྟེགས་ཕྱོགས་བསྡུས་སྤྱད་དེ་གྱོད་འབྲེལ་རྩིས་ཁྲ་6483ལ་འཕྲལ་མར་གཏོང་སྤྲོད་བྱེད་མཚམས་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་ཁ་བསླུས་མི་ཐེབས་པ་སོགས་བྱས་པ་རེད།

              མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཐེངས་600ལྷག་ཙམ་སྒྲིག་འཛུགས་བྱས་ནས་འགོག་ཟོན་དྲིལ་བསྒྲགས་དཔྱད་ཡིག་ཁྲི་4.8ལྷག་ཙམ་སྤྲད་པ་དང་དུས་མཚུངས་ཁ་བསླུས་ཐེབས་མཁན་མེད་པའི་ཚན་པ་དང་། དམག་སྒར། ཤང་གྲོང་། གྲོང་ཚོ(གྲོང་ལྷན)བཅས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔར་ཁ་བསླུས་ཐེབས་མཁན་མེད་པའི་ཚན་པ་6དང་། ཁ་བསླུས་ཐེབས་མཁན་མེད་པའི་དམག་སྒར་2 ཁ་བསླུས་ཐེབས་མཁན་མེད་པའི་ཤང་དང་གྲོང་རྡལ་2 ཁ་བསླུས་ཐེབས་མཁན་མེད་པའི་གྲོང་ཚོ(གྲོང་ལྷན་)19བཅས་ཡོད་པ་རེད།

རྩོམ་སྒྲིག་པ།  མང་ག་མཚོ།