ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁྱིམ་ཚང་གཅིག་ནང་ཁྱོ་ཤུག་གཉིས་ཀྱི་ཐོབ་ཐང་གཅིག་པ་ཡིན།

སྤེལ་དུས 2023-09-22 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

         《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཁྲིམས་གཞུང་གི་མིང་ཐོག་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་དང་པོ་ཡིན་ཞིང་། དེ་ནི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་རེད། དེའི་ནང་ཚེ་སྲོག་བདེ་ཐང་དང་། རྒྱུ་ནོར་བདེ་འཇགས། ཉོ་ཚོང་སྟབས་བདེ། འཚོ་བ་བདེ་སྐྱིད། མི་གཤིས་ལ་རྒྱ་སོགས་ཚུད་པའི་ཁེ་དབང་འདྲ་མཉམ་སྲུང་སྐྱོང་བྱེད་པའི་དམངས་དོན་ཁྲིམས་གཞུང་ཞིག་རེད། འདི་ག་སྐད་འཕྲིན་སྤྱི་སྟེགས་སུ་དེ་རིང་ནས་བཟུང་དྲི་བ་དྲིས་ལན་དང་རི་མོ་ཟུང་དུ་འབྲེལ་བའི་ཐོག་ནས་དམངས་དོན་ཁྲིམས་གཞུང་གི་གསལ་འགྲེལ་འགོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམ་པས་དགྱེས་གཟིགས་དང་དོ་ཁུར་ཡོད་པར་ཞུ།
            གཅིག《དམངས་དོན་ཁྲིམས་གཞུང》གི་སྤྱིའི་རྩ་དོན་ལ་ནུས་པ་གང་ཡོད།
           ● དོན་ཚན་དང་པོ། དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དམངས་དོན་འབྲེལ་བ་སྙོམས་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་དུ་འཕེལ་བའི་བླང་བྱ་དང་མཐུན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཅས་བྱེད་ཆེད་རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན།

            01ཁྲིམས་ལུགས་འཆད་སྟེགས།

            སྤྱིའི་རྩ་དོན་ནི《དམངས་དོན་ཁྲིམས་གཞུང》གི་འགོ་བརྗོད་དང་སྤྱིའི་རྩ་འཛིན་ཡིན་ཞིང་། 《དམངས་དོན་ཁྲིམས་གཞུང》གི་གཞི་རྩའི་ལམ་ལུགས་དང་སྒྲོམ་གཞི་གཏན་འཁེལ་བྱས་ཡོད་ལ་དམངས་དོན་སྤེལ་བར་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གཞི་རྩའི་རྩ་དོན་དང་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་གཏན་འབེབས་བྱས་ནས《དམངས་དོན་ཁྲིམས་གཞུང》གི་ནང་ཚན་གཞན་དག་ལ་གཅིག་གྱུར་གྱིས་སྣེ་ཁྲིད་བྱེད་བཞིན་ཡོད། 《དམངས་དོན་ཁྲིམས་གཞུང》གི་ནང་དོན་ལ་སྤྱིའི་རྩ་དོན་ཕུད། ད་དུང་དངོས་དབང་སྐོར་དང་གན་རྒྱའི་སྐོར། མི་གཞིའི་ཁེ་དབང་སྐོར། གཉེན་སྒྲིག་དང་ཁྱིམ་ཚང་སྐོར། ཤུལ་འཛིན་སྐོར། དབང་གནོད་འགན་འཁྲིའི་སྐོར་བཅས་འདུས་ཡོད།
            གཉིས།《དམངས་དོན་ཁྲིམས་གཞུང》གི་འདྲ་མཉམ་གྱི་རྩ་དོན་ཞེས་པ་གང་ལ་གོ
           ● དོན་ཚན་བཞི་པ། དམངས་དོན་བྱེད་སྒོའི་ནང་དུ་དམངས་དོན་བྱེད་པོའི་བཅའ་ཁྲིམས་ཀྱི་གོ་གནས་མཐའ་གཅིག་ཏུ་འདྲ་མཉམ་ཡིན།
           ● དོན་ཚན་བཅུ་བཞི་པ། རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་མཐའ་གཅིག་ཏུ་འདྲ་མཉམ་ཡིན།
           ● དོན་ཚན་བརྒྱ་དང་བཅུ་གསུམ་པ། དམངས་དོན་བྱེད་པོའི་རྒྱུ་ནོར་གྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་དུ་སྲུང་སྐྱོང་བྱེད་པ་ཡིན།
           ● དོན་ཚན་ཆིག་སྟོང་དང་ང་ལྔ་པ། གཉེན་སྒྲིག་དང་ཁྱིམ་ཚང་ནང་དུ་ཁྱོ་ཤུག་གཉིས་ཀྱི་ཐོབ་ཐང་འདྲ་མཉམ་ཡིན།
           ● དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་ཉེར་དྲུག་པ། ཤུལ་འཛིན་ཁེ་དབང་ཐད་ལ་ཕོ་མོ་འདྲ་མཉམ་ཡིན།

             02ཁྲིམས་ལུགས་འཆད་སྟེགས།

             འདྲ་མཉམ་གྱི་རྩ་དོན་ཞེས་པ་ནི་དམངས་དོན་བྱེད་སྒོ་སྤེལ་སྐབས་བཅའ་ཁྲིམས་ཀྱི་གོ་གནས་ཐད་དམངས་དོན་བྱེད་པོ་ཚང་མ་འདྲ་མཉམ་ཡིན་ཞིང་། ཕྱོགས་གང་གིས་ཀྱང་རང་ཉིད་ཀྱི་འདོད་བློ་བཙན་ཤེད་ཀྱིས་ཕ་རོལ་པོའི་ཕྱོགས་ལ་འགེལ་མི་རུང་བར་ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོང་བྱེད་བཞིན་ཡོད། འདྲ་མཉམ་གྱི་རྩ་དོན་ནི་དམངས་དོན་ཁྲིམས་གཞུང་གི་སྔོན་འགྲོ་དང་རྨང་གཞི་ཡིན་ལ། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་བཟོས་ནས་དམངས་དོན་བཅའ་ཁྲིམས་འབྲེལ་བ་ཚུལ་མཐུན་ཅན་དུ་བཟོ་བའི་གཏན་ཚིགས་ཀྱི་འགོ་འཛུགས་ས་རེད། དེས་དམངས་དོན་ཁྲིམས་གཞུང་གིས་ལེགས་སྒྲིག་བྱེད་པའི་སྤྱི་ཚོགས་འབྲེལ་བའི་ངོ་བོའི་ཁྱད་ཆོས་གཅིག་འདུས་ཀྱིས་མཚོན་ཡོད་ལ་དམངས་དོན་ཁྲིམས་གཞུང་དང་སྡེ་ཁག་གཞན་པའི་བཅའ་ཁྲིམས་དབར་དབྱེ་བ་འབྱེད་པའི་མཚོན་རྟགས་གཙོ་བོ་ཡིན།

            གསུམ།《དམངས་དོན་ཁྲིམས་གཞུང》གི་རང་མོས་ཀྱི་རྩ་དོན་ཞེས་པ་གང་ལ་གོ
            ● དོན་ཚན་ལྔ་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་རང་མོས་ཀྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ་དང་། རང་ཉིད་ཀྱི་འདོད་བློ་ལྟར་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་། སྒྱུར་བ། མཇུག་སྒྲིལ་བ་བཅས་བྱེད་དགོས།
            ● དོན་ཚན་ཆིག་སྟོང་དང་ཞེ་དྲུག་པ། གཉེན་སྒྲིག་བྱེད་པར་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་ཞེ་ཐག་རང་མོས་ཡིན་དགོས་པ་དང་། ཕྱོགས་གང་ཡང་རུང་བས་ཅིག་ཤོས་ལ་བཙན་ཤེད་བྱེད་མི་ཆོག་ཅིང་། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་ཐེ་ཇུས་བྱེད་མི་ཆོག
            ● དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་བཞི་པ། ཉར་གསོ་བྱེད་མིས་ཉར་གསོ་བྱེད་པ་དང་ཉར་གསོར་སྐྱེལ་མིས་ཉར་གསོར་སྐྱེལ་བར་ཕྱོགས་གཉིས་ཀ་རང་མོས་ཡིན་དགོས། རང་ལོ་འཁོར་མོ་བརྒྱད་ཡན་སོན་པའི་ན་སོ་དར་ལ་མ་བབས་པའི་མི་ཉར་གསོ་བྱས་ཚེ། ཉར་གསོ་བྱ་ཡུལ་གྱི་མིའི་མོས་མཐུན་འཐོབ་དགོས།

 

 

 

              03ཁྲིམས་ལུགས་འཆད་སྟེགས།

              རང་མོས་ཀྱི་རྩ་དོན་ཞེས་པར་རང་སྐྱོང་གི་རྩ་དོན་ཡང་ཟེར་ཞིང་དམངས་དོན་གྱི་བྱེད་པོར་རང་ཉིད་ཀྱི་འདོད་བློ་ལྟར་རང་མོས་ཀྱིས་དམངས་དོན་བྱེད་སྒོ་སྤེལ་བ་དང་། རང་ཉིད་ཀྱི་འདོད་བློ་ལྟར་དམངས་དོན་བཅའ་ཁྲིམས་འབྲེལ་བའི་ནང་དོན་དང་། དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་སྒྱུར་བ། མཇུག་སྒྲིལ་བ་བཅས་རང་བདག་གིས་ཐག་གཅོད་བྱེད་པ་དང་། རང་འགུལ་གྱིས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་མཇུག་འབྲས་འཁུར་བར་ཟེར། རང་མོས་ཀྱི་རྩ་དོན་ནི་དམངས་དོན་བྱེད་སྒོའི་ནང་ཞུགས་མཁན་གྱི་འདོད་མོས་ལ་བརྩི་འཇོག་བྱེད་པ་ཞིག་ཡིན་པ་དང་དེས་དོ་བདག་དབར་གན་རྒྱ་ལ་སོགས་པའི་བྱ་སྤྱོད་ལ་བརྟེན་ནས། དམངས་དོན་གྱི་ཁེ་དབང་དང་འོས་འགན་ཞིག་འཛུགས་པ་དང་སྒྱུར་བའམ་ཐག་གཅོད་བྱེད་པའི་སྐབས་སུ་རང་ཉིད་ཀྱི་འདོད་བློ་ངོ་མ་དེ་མཚོན་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་མ་ཟད། ད་དུང་དོ་བདག་ཕ་རོལ་པོའི་ཕྱོགས་ཀྱི་འདོད་བློར་ཡང་བརྩི་འཇོག་བྱེད་ཐུབ། མི་སུ་དང་གང་ཞིག་ཡིན་རུང་བཙན་ཤེད་མི་ཕོག་པ་དང་ཆབས་ཅིག་གཞན་པར་བཙན་ཤེད་ཀྱང་བྱེད་མི་རུང་།

མང་ག་མཚོ།