ཉེ་ཆར། ཧོའུ་ཀྲུའུ་རྫོང་གི་ཤང་ག་གེ་མོ་ཞིག་གི་ཡིན་པའི་སྐུ་ཞབས་ལིའུ་ཡིས་ཁྱིམ་དུ་ལག་འཁྱེར་ཁ་པར་ལ་རྩེད་སྐབས“བརྡ་ཁྱབ”ཅིག་མཐོང་བྱུང་། དེའི་ནང་དུ་ཡིད་དུ་འོངས་པའི་མཛེས་མའི་འདྲ་པར་གྱིས་ཁེངས་ཡོད་པས། ཁོའི་ཡིད་སེམས་རང་དབང་མེད་པར་བཀུག་སོང་། ཁོས་བརྡ་ཁྱབ་དེའི་སྟེང་གི་སྦྲེལ་སྣེ་ཁ་ཕྱེས་ནས་གོ་རིམ་ལྟར་མཉེན་ཆས་དེ་ཕབ་ལེན་བྱས་པར་མ་ཟད། མཉེན་ཆས་དེའི“སྐུ་མགྲོན་ཞབས་ཕྱིའི”ཡི་གེ་མནན་ནས་མཉེན་ཆས་བཀོལ་སྟངས་ཐད་ཕན་ཚུན་ལ་ཁ་བརྡ་བྱས། དེ་ནས་ཁོས་ཕ་རོལ་པོའི་བླང་བྱ་ལྟར་ཚོགས་མིར་ཐོ་འགོད་བྱས་ཤིང་། “App”དེའི་ནང་དུ་ལས་འགན་བསྒྲུབས་ན“དམིགས་བསལ་ཞབས་ཕྱི”ལོངས་སུ་སྤྱོད་ཐུབ་ཅེས་བཤད།
“ཆགས་པས”མྱོས་པའི་སྐུ་ཞབས་ལིའུ་ཡིས་ཕ་རོལ་པའི་བླང་བྱ་ལྟར“App”དེའི་ནང་དུ་སྒོར་མོ་གསོག་འཇོག་བྱས་པ་དང་། ཐེངས་སྔོན་མ་གཉིས་ལ་སྒོར་མོ་གསོག་འཇོག་བྱས་པའི་གྲངས་འབོར་ཉུང་བས་སྒོར་མོ་ཕྱིར་ལེན་སོང་ལ། ཐེངས་གསུམ་པར་སྒོར1000གསོག་འཇོག་བྱས་ནས་སྒོར་མོ་ཕྱིར་ལེན་སྐབས་མ་ལག་ལ་ནོར་འཁྲུལ་བྱུང་བར་བཤད་ནས་སྒོར་མོ་ལེན་མ་ཐུབ། “སྐུ་མགྲོན་ཞབས་ཕྱི་པས“སྐུ་ཞབས་ལིའུ་ཡིས་བཀོལ་སྤྱོད་ལ་ནོར་འཁྲུལ་བྱུང་བའི་དབང་གིས་གཞི་གྲངས་ལ་ནོར་འཁྲུལ་བྱུང་ཡོད་པ་དང་། ད་དུང་མུ་མཐུད་ནས་སྒོར་མོ་གསོག་འཇོག་བྱ་དགོས་པར་བཤད།
མཛེས་མ་མྱུར་དུ་འབོད་ཆེད། སྐུ་ཞབས་ལིའུ་ཡིས་མུ་མཐུད་དུ་ཕ་རོལ་པའི་རེ་བ་ལྟར་སྒོར་མོ་གསོག་འཇོག་བྱས། ཐེངས་བཞི་པར་སྒོར་མོ་ལེན་སྐབས། ཕ་རོལ་པོས་སྐུ་ཞབས་ལིའུ་ཡི་མཚན་སྙན་གྱི་རིན་ཐང་དམའ་དྲགས་པས་མུ་མཐུད་དུ་སྒོར་མོ་གསོག་འཇོག་བྱས་ནས་མཚན་སྙན་གྱི་རིན་ཐང་མཐོ་རུ་གཏང་དགོས་པར་བཤད་ནས་མུ་མཐུད་དུ་སྒོར་མོ་གསོག་འཇོག་བྱེད་དུ་བཅུག དེ་ལྟར་ཕ་རོལ་པོས་རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་མུ་མཐུད་དུ་སྒོར་མོ་གསོག་འཇོག་བྱེད་དུ་བཅུག མཐར་མཇུག སྐུ་ཞབས་ལིའུ་འུ་ཐུག་ཐབས་ཟད་དུ་གྱུར་ནས་ད་གཟོད་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུ་རྒྱུ་ཐག་བཅད། ཁྱོན་བསྡོམས་སྒོར་ཁྲི10ལྷག་གིས་མགོ་སྐོར་ཐེབས།
ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུ་སྐབས། སྐུ་ཞབས་ལིའུ་ཡིས་དེ་སྔོན་གྱི་བྱ་བར་འགྱོད་པ་སྐྱེ་ཞིང་། ཁྲག་གསོག་རྣག་གསོག་བྱས་པའི་ཁྲི10ལྷག་རྩ་མེད་དུ་གྱུར་ནས་མཇུག་མཐར་མི་རྒྱུ་གཉིས་ཀ་ཤོར།
ཉེན་རྟོག་པའི་གསལ་འདེབས།དྲ་ལམ་གྱི་ཆ་རྒྱུས་མེད་པའི་སྦྲེལ་སྣེ་ཡོད་ཚད་རང་དགར་ཁ་ཕྱེ་མི་རུང་། དམིགས་བསལ་གྱི་ཞབས་ཕྱི་མང་པོ་ཞིག་ནི་མགོ་གཡོག་མགོ་སྐོར་ཚོགས་པས་ཆེད་དུ་གཉོར་སྐྱོང་བྱེད་བཞིན་ཡོད། སྦྲེལ་སྣེ་ནི་རྫུན་མ་ཡིན་ལ། མཛེས་མའང་རྫུན་མ་ཡིན་པས་ངེས་པར་ནམ་ཡང་རིག་པ་གསལ་པོ་བྱས་ནས་ཆ་མེད་རྒྱུས་མེད་ཀྱི་སྦྲེལ་སྣེ་གང་རུང་ཁ་མི་ཕྱེ་བར་རང་ལ་གྱོད་གུད་མི་བཟོ་བར་བྱ་དགོས། དེ་དང་མཉམ་དུ་དྲ་ལམ་ནས་སྨད་འཚོང་བྱེད་པའི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཡིན་པའང་ཤེས་དགོས།