ནུབ་མཚོ་ཉེན་རྟོག་ཕྱོགས་ཀྱིས་གདུག་རྩུབ་ཆེ་བའི་མི་བསད་གྱོད་གཞི་ཞིག་རྩད་ཆོད།
སྤེལ་དུས 2020-05-19
ཡོང་ཁུངས། གངས་ལྗོངས་འཕྲིན་གསར།
རྩོམ་པ་པོ།
མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་ཆེད་དང་། སྤྱི་ཚོགས་ཧྲིལ་བོ་བརྟན་ལྷིང་དང་ཡུན་རིང་བརྟན་འཇགས། ཁྱོན་ཡོངས་བརྟན་ལྷིང་བཅས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་གོང་རིམ་ཏང་ཨུ་སྲིད་གཞུང་དང་དེ་བཞིན་སྤྱི་བདེ་སྡེ་ཁག་གི་བཀོད་སྒྲིག་གཞིར་བཟུང་། ནུབ་མཚོ་སྤྱི་བདེ་ཅུས་ཀྱིས་མི་བསད་གྱོད་གཞི་ངེས་བར་དུ་ཐག་གཅོད་བྱ་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། 2020ལོའི་ཟླ5བའི་ཚེས18ཉིན། ནུབ་མཚོ་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་མྱུལ་ཞིབ་བྱས་ནས་གདུག་རྩུབ་ཆེ་བའི་མི་བསད་གྱོད་གཞི་ཞིག་རྩད་ཆོད།
ཟླ5བའི་ཚེས18ཉིན་གྱི་ཆུ་ཚོད10ཙམ་ལ། ནུབ་མཚོ་གྲོང་རྡལ་གྱི་སྡོད་དམངས་ཤིག་གིས་རང་ཉིད་ཀྱིས་མི་ཞིག་བསད་པའི་རང་ཉེས་རང་ཞུ་བྱས་པ་དང་ཉེན་རྟོག་པའི་ཐག་གཅོད་བྱེད་པའི་ཉེན་བརྡ་བཏང་། གྱོད་གཞི་བྱུང་རྗེས། ཡན་ལག་ཅུས་ཀྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མྱུར་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལས་དོན་སྤེལ་བ་དང་གྱོད་དོན་གྱི་གནས་ཚུལ་ངོ་མ་རྩད་གཅོད་བྱས་ཏེ་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་མེད་པར་བཟོས་པ་དང་། དུས་མཚུངས་སུ་ཡན་ལག་ཅུས་ཀྱི་ཉེས་དོན་མྱུལ་ཞིབ་དང་ཁྲིམས་ལུགས། བདེ་འཇགས། ཉེན་རྟོག་བདེ་སྲུང་སོགས་ཉེན་རྟོག་པ་དང་སྡེ་ཁག་མང་བོ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དགོས་པའི་བཀའ་བཏང་བ་རེད། སྔོན་ལ་སླེབས་པའི་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཡུལ་དངོས་ནས་རྩད་ཞིབ་དང་། གཏན་འཇགས་ཀྱི་དཔང་རྟགས་བསྡུ་རུབ། བརྟག་དཔྱད་བཅར་འདྲི་སོགས་ཀྱི་ལས་དོན་སྤེལ་ལ། གྱོད་སྒྲུབ་མི་སྣ་ཡུལ་དངོས་སུ་འབྱོར་རྗེས་འཕྲལ་དུ་དོགས་ཡོད་ཉེས་ཅན་ཚོད་འཛིན་བྱས་པ་རེད།
རྒྱུས་ལོན་རགས་ཙམ་བྱས་པ་བརྒྱུད། འདས་པོ་ཧྥན་ཆེ་གེ་མོ(མོ། ལོ52) ཡིན་པ་དང་དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ(ཕོ། ལོ44)ཡིན་པ་ཤེས་རྟོགས་བྱུང་ཞིང་། ཉིན་ཤས་རིང་། དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ་དང་འདས་པོ་ཧྥན་ཆེ་གེ་མོ་དབར་བརྩེ་དུང་གི་རྩོད་གཞི་ཐེངས་མང་བྱུང་ནས་འགལ་ཟླ་ལན་མང་བྱུང་ལ། ཟླ5བའི་ཚེས18ཉིན། དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ་འདས་པོ་ཧྥན་ཆེ་གེ་མོའི་ཁྱིམ་དུ་བརྩེ་དུང་གི་གནད་དོན་གྱི་དབང་གིས་ཡང་བསྐྱར་ཁ་རྩོད་བྱུང་། ཁ་རྩོད་ཀྱི་གོ་རིམ་ཁྲོད་དུ་ལིས་ཆེ་གེ་མོས་གྲི་བཟུང་ནས་ཧྥན་ཆེ་གེ་མོ་བསད་པ་རེད། འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོས་བསམ་བཞིན་དུ་ཧྥན་ཆེ་གེ་མོ་བསད་པའི་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས།
མིག་སྔར། དོགས་ཡོད་ཉེས་ཅན་ལིས་ཆེ་གེ་མོ་ནུབ་མཚོ་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞིའི་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།