ཉེན་ཁ་ཆུང་བའི་ས་ཁུལ་དུ་ད་དུང་ཁ་ཐུམ་རྒྱག་དགོས་སམ།
སྤེལ་དུས 2020-05-19
ཡོང་ཁུངས། གངས་ལྗོངས་འཕྲིན་གསར།
རྩོམ་པ་པོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ཚེས17ཉིན་གྱི་ཕྱི་དྲོར་མུ་མཐུད་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག འབྲེལ་ཡོད་སྨྱན་སྦྱོར་གྱིས་ཉེན་ཁ་ཆུང་བའི་ས་ཁུལ་དུ་ཉིན་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་མིན་གྱི་གནད་དོན་དྲིས་པའི་སྐོར་ལ་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧྥེང་ལུའུ་ཀྲོ་ཡིས་བཤད་དོན། ཁ་ཐུམ་རྒྱག་དགོས་མིན་སྐོར་ནས་ང་ཚོས་རྩ་དོན་ཞིག་ལ་བརྩི་སྲུང་བྱས་ཆོག་སྟེ། རླུང་རྒྱུ་བའི་ཆ་རྐྱེན་ལེགས་ལ། བདེ་འཇགས་ཀྱི་འབྲེལ་འདྲིས་བར་ཐག་ཅུང་ལེགས་པའི་གནས་ཚུལ་འོག་ཏུ། ཁ་ཐུམ་མ་བརྒྱབ་ཀྱང་ཆོག་ཟེར།
ཧྥེང་ལུའུ་ཀྲོ་ཡིས་གཤམ་གྱི་གནས་ཚུལ་རིགས་གཉིས་ཀྱི་འོག་ཁ་ཐུམ་མ་བརྒྱབ་ན་ཆོག་པར་བཤད་པ་སྟེ།
དང་བོ། ཕྱི་རོལ་སྤྱི་གླིང་དང་མི་ཅུང་ཉུང་བའི་སྲང་ལམ། རྩལ་སྦྱོང་ར་བ་སོགས་སུ་ཁ་ཐུམ་མ་བརྒྱབ་ན་ཆོག་ལ། འགུལ་སྐྱོད་དྲག་པོ་བྱེད་པའི་སྐབས་སུ་དེ་བས་ཀྱང་ཁ་ཐུམ་རྒྱག་མི་རུང་།
གཉིས་པ། ཉེ་ཆར་ནད་དཔེ་གསར་བ་མེད་པ་དང་ཉེན་ཁ་ཆུང་བའི་ས་ཁུལ་ནས་གཞུང་ལས་ཁང་དང་ཚོགས་འདུ་ཁང་། ལས་ཀ་བྱེད་ཡུལ། སློབ་གྲྭ་བཅས་རླུང་རྒྱུ་བའི་ཆ་རྐྱེན་ལྡན་པ་དང་ལྟོས་བཅས་ཀྱི་བདེ་འཇགས་ཡིན་ཞིང་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་ཐུབ་པའི་གནས་ཚུལ་འོག་ཁ་ཐུམ་རྒྱག་མི་དགོས།
ཧྥེང་ལུའུ་ཀྲོ་ཡིས་གནས་ཚུལ་རིགས་གསུམ་འོག་ཁ་ཐུམ་རྒྱག་དགོས་པ་ནན་གྱིས་བསྟན།
དང་བོ། དཔེར་ན་སྤྱི་སྤྱོད་འགྲིམ་འགྲུལ་དང་གློག་སྐས་ནང་སོགས་མི་ཅུང་མང་བའི་མི་ཚོགས་འདུ་སར་ཁ་ཐུམ་རྒྱག་དགོས།
གཉིས་པ། ན་བའི་སྐབས་སུ། ལྷག་པར་དུ་ཚ་བ་རྒྱས་པ་དང་གློ་ལུ་བ། དབུགས་ལམ་རེད་པ་སོགས་ཀྱི་ནད་རྟགས་ཡོད་དུས་ཁ་ཐུམ་བརྒྱབ་ནས་ནད་གཞི་མི་སྣ་གཞན་ལ་མི་འགོ་བ་བྱ་དགོས།
གསུམ་པ། དམིགས་བསལ་གྱི་ཁོར་ཡུག་ནང་། སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་བའམ་ཡང་ན་གཉེན་ཉེ་དང་མཉམ་དུ་སྨན་བཅོས་སྒྲིག་གཞིར་འགྲོ་སྐབས་སྨན་ཁང་གི་ཁོར་ཡུག་ཏུ་ཁ་ཐུམ་རྒྱག་དགོས།