ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཤིག་ལ་བརྒྱབ་ཀྱང་གོང་བའི་ཕྱི་ནང་རེད། ཀོང་པོར་བྲོས་ཕྱིན་ཡང་མཐར……

སྤེལ་དུས 2023-12-22 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས རྩོམ་པ་པོ།

        “བློ་མཐུན་ཉེན་རྟོག་པ་ལགས་ཐུགས་རྗེ་ཆེ། ཆུ་ཚོད་10ཙམ་ལས་མ་འགོར་བར་རྐུན་མ་བཟུང་འདུག ཁྱེད་རྣམ་པ་སྐུ་ལས་ཁག་སོང”
          ཟླ་12ཚེས་4ཉིན་གྱི་ཕྱི་དྲོར། ལྷ་སའི་ཇ་ཁང་ཞིག་གི་སྦྱིན་བདག་ཧོང་ལགས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པར་ཡོང་ནས། ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་དང་གོས་དར་ཞིག་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་ཕུལ་བ་རེད།

         ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་29ཉིན་གྱི་ཆུ་ཚོད་14ཙམ་ལ། ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གཉིས་པའི་ཉེས་དོན་གྱོད་སྒྲུབ་ཉེན་རྟོག་པར། ལྷ་སའི་ཇ་ཁང་ཞིག་གི་སྦྱིན་བདག་ཧོང་ལགས་ཀྱི་ཉེན་དོན་སྙན་སེང་འབྱོར་ཞིང་། ཁོང་གིས་དེ་རིང་སྔ་དྲོ་ངའི་ཇ་ཁང་ནས་དངུལ་སྨར་སྒོར་52300རྐུ་ཤོར་འདུག་ཅེས་བཤད།
ཉེན་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པ་འཕྲལ་མར་ས་ཡུལ་དངོས་སུ་བརྟག་དཔྱད་དཔང་ལེན་བྱེད་པར་བསྐྱོད། བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་རྐུན་མ་རྒྱག་མཁན་གྱི་དོགས་ཡོད་ཉེས་ཅན་པ་དེ་ནི་ཇ་ཁང་དེའི་དངོས་སྦྱོང་ལས་མི་ཕན་ཆེ་གེ་མོ་ཡིན་པ་ཤེས་ཤིང་། སྔར་བས་བརྟག་དཔྱད་བྱས་པ་བརྒྱུད། ཕན་ཆེ་གེ་མོ་ད་ལྟ་ཉིང་ཁྲི་གྲོང་ཁྱེར་དུ་བྲོས་ཕྱིན་པ་ཤེས་རྟོགས་བྱུང་བ་རེད།
དེར་བརྟེན། མི་དམངས་ཉེན་རྟོག་པས་མཚན་མོ་དེ་རང་ལ་རྗེས་འདེད་བཏང་བ་དང་། ཉིང་ཁྲིའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག ཆུ་ཚོད་10སོང་རྗེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནས་ཉེས་གསོག་དོགས་ཅན་ཕན་ཆེ་གེ་མོ་བཟུང་བ་མ་ཟད། ཁོ་པ་ལྷ་ས་གྲོང་ཁྱེར་དུ་འཁྲིད་ཡོང་བ་རེད།
ཕན་ཆེ་གེ་མོས་ངོས་ལེན་བྱས་པར་གཞིགས་ན། ཟླ་11ཚེས་29ཉིན་གྱི་སྔ་དྲོར། ཁོ་པས་ཇ་ཁང་གི་སྦྱིན་བདག་དང་དངུལ་བསྡུ་མཁན་གྱི་ལས་མི་ཕྱིར་བསྐྱོད་པའི་སྐབས་དང་བསྟུན་ནས། དངུལ་བསྡུ་སའི་སྒམ་ནང་གི་དངུལ་སྨར་སྒོར་52300ཚང་མ་བརྐུས་པ་རེད། 

          དངུལ་བརྐུས་རྗེས། ཁོ་པས་སྒོར་ཁྲི་གཅིག་ལྷག་ཙམ་རི་བའི་ཁ་པར་ཞིག་དང་སྒོར་350རི་བའི་ཐ་མག་སྒམ་ཆུང་བདུན་ཉོས་ཡོད་པ་དང་། ཁྲིམས་ཆད་ལས་གཡོལ་ཆེད་ཉིང་ཁྲི་གྲོང་ཁྱེར་དུ་བྲོས་ཡོད་པ་རེད། “གནམ་རྙི་གཞི་རྒྱ་ཆེ་ན་ཡང་། མི་ངན་འཆོར་བའི་སྲུབས་ཀ་མེད”ཅེས་པ་ལྟར། མཐར་ཕན་ཆེ་གེ་མོ་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་བཟུང་ནས་ཁྲིམས་ལ་སྦྱར་བ་རེད།
མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་ཉེས་གསོག་དོགས་ཅན་ཕན་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། བརྐུས་པའི་དངུལ་སྨར་སྒོར་5581དང་། ཁ་པར་གཅིག ཐ་མག་སྒམ་ཆུང་བདུན་བཅས་ཚང་མ་ཚུར་བླངས་ཡོད་པ་རེད། གྱོད་གཞི་འདི་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།

 

རྩོམ་སྒྲིག་པ། མང་ག་མཚོ།