དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

དཀར་མཛེས་ཀྱི“རྟ་ཐོག་གི་ཁྲིམས་དཔོན”

སྤེལ་དུས 2020-01-21 ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། རྩོམ་པ་པོ།
          1979ལོའི་ཟླ་12པར་ལས་ཀར་ཞུགས་པའི་ལུའོ་ཅང་དབྱི་ཡིས་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སེར་ཤུལ་རྫོང་ལོ་ཆུང་ཁྲིམས་རའི་དིང་ཀྲང་གི་འགན་འཁུར་བཞིན་ཡོད། གངས་ལྗོངས་ས་མཐོའི“རྟ་ཐོག་གི་ཁྲིམས་དཔོན”ཁོང་ལ་དེ་སྔ“སི་ཁྲོན་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར”དང“སི་ཁྲོན་ཞིང་ཆེན་ཁྲིམས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར”“ཀྲོའུ་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ”“སེར་ཤུལ་རྫོང་གི་ཕུལ་བྱུང་གུང་ཁྲན་ཏང་ཡོན”“སེར་ཤུལ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་རག་ཡོད།
          2019ལོའི་ཟླ་12ཚེས་9ཉིན། ལུའོ་ཅང་དབྱི་ཡིས་དཀར་མཛེས་རིམ་གཉིས་ཁྲིམས་ཁང་གི་སྐོར་སྐྱོད་གྱོད་སྒྲུབ་ཁྲིམས་དཔོན་གྱི་ཚབ་བྱས་ནས་ཀྲུང་གོའི་སྤྱི་ཕན་བརྙན་ཕབ་དུས་ཆེན་སྐབས་ལྔ་པར“ལས་དོན་སྒྲུབ་མཁན་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་བླངས་ཡོད། ཁོང་གི་གཏམ་རྒྱུད་ནི་ཐག་རིང་ས་ཁུལ་དུ་གཞིས་ཆགས་པའི་གཞི་རིམ་ཁྲིམས་དཔོན་གྱི་མཚོན་བྱེད་དང་ངོ་མཚར་དུ་གྱུར་ཡོད།
          ས་ཐག་རིང་ཡང་ལོ་ཆུང་གྲོང་རྡལ་ནི་ངའི་ཕ་ཡུལ་ཡིན།
          སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་དང་། མཚོ་སྔོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་གསུམ་འབྲེལ་མཚམས་ཀྱི་ཐང་བོད་གནའ་ལམ་རྒྱུད་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཟིན་པ་དང་། རྩྭ་ཐང་རྒྱ་ཆེ་ཞིང་མི་འབོར་ཁ་ཐོར་དུ་གནས་ཡོད། ལུའོ་ཅང་དབྱི་ནི་སེར་ཤུལ་རྫོང་ལོ་ཆུང་གྲོང་རྡལ་དུ་འཚར་ལོངས་བྱུང་བ་ཞིག་རེད།
          ལས་ཀའི་ཁྲོད་ཁོང་གིས་ཐོག་མཐའ་བར་གསུམ་དུ་རེ་བ་ནན་པོ་བཏོན་ནས་ལས་བྱེད་ཉེན་རྟོག་པར་གྱོད་སྒྲུབ་བྱེད་སྐབས་སྣང་མེད་དང་ལྷོད་གཡེང་གཏན་ནས་བྱེད་དུ་འཇུག་གི་མེད། ཁོང་གིས་ལོ་མང་རིང་གྱོད་སྒྲུབ་ཀྱི་ལས་དོན་སྤེལ་རིང་། ཁྲིམས་ཐག་གཅོད་ནོར་ཤོར་བའི་གྱོད་གཞི་གཅིག་ཀྱང་ཐོན་མེད། འཚོ་བའི་ཁྲོད་ལུའོ་ཅང་དབྱི་ཡིས་ལས་བྱེད་ཉེན་རྟོག་པར་ཆུང་ས་མགོ་ན་བ་དང་ཚ་བ་རྒྱག་པ་ནས་ཆེ་ས་གཉེན་སྒྲིག་དང་ལས་སྒྱུར་སོགས་ཀྱི་དོན་དག་ཚང་མར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད།
          ལོ་མང་རིང་། ལུའོ་ཅང་དབྱི་ཡིས་ལོ་ཆུང་ཁྲིམས་ར་ནས་གསོ་སྐྱོང་བྱས་པའི་དགེ་ཕྲུག་མང་པོ་ཞིག་གྲོང་རྡལ་ཆུང་ངུ་ནས་ཐོན་ཏེ་འགའ་རེ་གཡག་རྔ་དང་ཁྲེང་ཏུའུ་སོགས་སུ་ལས་སྒྱུར་བྱས་ནས་ལས་གནས་གསར་པར་རང་རྐྱ་འཕེར་བའི་ངང་ལས་དོན་སྒྲུབ་བཞིན་ཡོད། འོན་ཀྱང་ལུའོ་ཅང་དབྱི་ཡིས་སྔར་བཞིན་ལོ་ཆུང་ཁྲིམས་ར་བརྟན་སྲུང་བྱས་ཏེ་ལོ་ངོ་40ཡི་རིང་དཀའ་སྡུག་ཁྱད་བསད་དང་འབད་བརྩོན་ཧུར་ཐག་བྱས་ཏེ་གནོང་འགྱོད་གཏན་ནས་མེད་པར་ཡུལ་དེ་གའི་མི་སེར་ལ་ཞབས་འདེགས་ཞུ་བཞིན་ཡོད།
          ས་གནས་ས་ཐོག་ཏུ་གྱོད་གཞི་བསྒྲུབས་ནས་ཁུལ་དེ་གའི་མི་སེར་ལ་དྲིལ་བསྒྲགས་དང་སློབ་གསོ་བཏང་བ།
          ས་གཤིས་ཀྱི་ཆ་རྐྱེན་དང་སྲོལ་རྒྱུན་གོམས་གཤིས་ཀྱི་ཤུགས་རྐྱེན་ཕོག་པས། ཐག་རིང་ས་ཁུལ་གྱི་མང་ཚོགས་ཁྲོད་འགལ་ཟླ་དང་རྩོད་གཞི་ཐོན་སྐབས་རྩྭ་ར་དང་། གྲོང་སྡེ། སྦྲ་གུར་བཅས་སུ་ཐག་གཅོད་བྱེད་པ་ལས། རང་འགུལ་ངང་ཁྲིམས་རར་ཡོང་མཁན་ཉུང་ཉུང་རེད། གྱོད་གཞི་ཡག་པོ་སྒྲུབ་ཆེད་ལོ་མང་གི་སྐོར་སྐྱོད་གྱོད་སྒྲུབ་ལག་ལེན་གཞིར་བཟུང་། ལུའོ་ཅང་དབྱི་ཡིས“མང་ཚོགས་ལ་བརྟེན་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པ། འདུམ་འགྲིག་གཙིགས་ཆེར་འཛིན་པ། རང་སར་གྱོད་སྒྲུབ”བཅས་བྱེད་པའི་བྱེད་ཕྱོགས་ཕྱོགས་སྡོམ་བྱས་ཡོད། མང་ཚོགས་ཁྲོད་དུ་བསྐྱོད་ནས་རང་སར་གྱོད་སྒྲུབ་བྱ་ཆེད། ཁོང་གིས་ལོ་འཁོར་མོ་གངས་ལྗོངས་ས་མཐོའི་ས་ཆ་ཁག་ཏུ་བསྐྱོད་ནས“ས་གནས་ས་ཐོག་ཏུ་གྱོད་སྒྲུབ་དང་། ས་གནས་ས་ཐོག་ཏུ་ལག་བསྟར། ས་གནས་ས་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ། གྱོད་གཞི་གཅིག་ཐག་གཅོད་ཡག་པོ་བྱས་ན་ཁུལ་དེར་དྲིལ་བསྒྲགས་དང་སློབ་གསོའི་ཕན་འབྲས་ཐོན་ཐུབ་པའི”བརྩོན་ལེན་བྱེད་ཀྱི་ཡོད།
          “གལ་ཏེ་བཟའ་ཟླས་ད་དུང་རང་ལ་ཉེས་རྡུང་བཏང་ཚེ་ལྷ་མོ་རང་ཁྲིམས་ཁང་དུ་མི་ལུས་སྲུང་སྐྱོབ་བཀའ་རྒྱ་རེ་ཞུ་བྱེད་པར་ཤོག ང་ཚོས་ཁོ་ལ་ཁྲིམས་ལུགས་ཁྱབ་གདལ་བཏང་ཆོག”ཅེས་དང“ཕྱིར་གླ་པར་སྐྱོད་སྐབས་ལྷ་སྐྱིད་རང་གིས་ངེས་པར་དུ་ངལ་རྩོལ་གན་རྒྱ་ཡག་པོ་འཇོག་པ་དང་འགན་བཅོལ་ཡག་པོ་ཉོས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས”ཞེས་པ་སོགས་ཁོང་གིས་མང་ཚོགས་ལ་རོགས་རམ་བགྲང་གིས་མི་ལང་བ་བྱས་ཡོད།
          ལོ་ངོ་40ཡི་རིང་། ལུའོ་ཅང་དབྱི་ཡིས་རྒྱུན་ཆད་མེད་པར་གཞི་རིམ་དུ་བསྐྱོད་དེ་ཐག་རིང་གི་གྲོང་སྡེར་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཡག་པོ་བྱས་ནས་གངས་ལྗོངས་ས་མཐོའི་མི་སེར་ཚོར་གང་འདྲ་ཞིག་ལ་བཅའ་ཁྲིམས་དང་མི་དམངས་ཁྲིམས་དཔོན་ཟེར་མིན་ཤེས་སུ་བཅུག་ཡོད།
          གཤམ་སྐྱོད་གྱོད་སྒྲུབ་བྱེད་སྐབས་ས་ཆ་གང་དུ་སླེབས་ཀྱང་དེ་ཁྱིམ་དུ་བརྩི་བ།
          སེར་ཤུལ་འབྲོག་པ་རྣམས་རྩྭ་ཆུ་གང་བཟང་དུ་རུ་བ་སྐྱས་སྤོ་བྱེད་པས། ལུའོ་ཅང་དབྱི་ཡིས་མཚམས་རེ་ཐག་རིང་འབྲོག་སར་དོ་བདག་འཚོལ་བར་ཉིན་གང་རྟ་བཞོན་ཏེ་སྤྱི་ལེ་དྲུག་ཅུ་བདུན་ཅུ་ཙམ་བསྐྱོད་དགོས་ཀྱི་ཡོད། ཁོང་གིས་རྟ་ཐོག་ཏུ་རྒྱལ་རྟགས་དང་། ད་དུང་ཞག་སྡོད་ཀྱི་ཕོ་ཁེབས་དང་། གུར། སྦུད་པ་སོགས་འཚོ་བའི་མཁོ་ཆས་བཀལ་ཡོད། ལམ་དུ་གྲོད་པ་ལྟོགས་ན་རྟ་ཆུ་འགྲམ་དུ་རྩྭ་ཟ་བར་གློད་རྗེས་ཉེ་འགྲམ་ནས་ལྕི་བ་བསྒྲུགས་ཏེ་ཇ་སྐོལ་ནས་སྤགས་ཟ་ཡི་ཡོད། ལུའོ་ཅང་དབྱི་ཡིས་སྐོར་སྐྱོད་གྱོད་སྒྲུབ་ཀྱི་ལོ་ཟླ་མང་ཆེ་བ་དེ་ལྟར་བསྐྱལ་ཡོད།
          ཐེངས་ཤིག ལུའོ་ཅང་དབྱི་བེ་མདའ་ཤང་བརྒྱུད་ནས་སྐོར་སྐྱོད་གྱོད་སྒྲུབ་བྱེད་པར་སྐྱོད་སྐབས། ཤང་དེའི་གྲོང་མི་ཚང་མས་ལས་ཀ་བྱེད་མཚམས་བཞག་ནས་ཁོང་གི་སར་ཡོང་། “ཁྲིམས་དཔོན་ལུའོ་ལགས་དོ་ནུབ་གྲོང་ཚོར་བཞུགས་ནས་ང་ཚོ་དང་མཉམ་དུ་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་ན་གང་འདྲ་འདུག”ཅེས་མི་ཚོགས་ཀྱི་ཁྲོད་ནས་སྐད་ཆ་དེ་འདྲ་ཞིག་བཤད། ལུའོ་ཅང་དབྱི་ཡིས་ཞིང་ལས་ལ་འཐུས་ཤོར་ཕྱིན་ཡོང་སྙམ་ནས“བཀའ་དྲིན་ཆེ། བཀའ་དྲིན་ཆེ། ང་ད་དུང་བཙན་མདའ་ཤང་དུ་འགྲོ་དགོས་ཡོད”ཅེས་བཤད་ནས་རྟ་ཁྲིད་དེ་འགྲོ་རྩིས་བྱེད་སྐབས་གྲོང་མི་ཚོས་སྔ་ས་ནས་རྟ་གྲོང་ཚོའི་ནང་ཁྲིད་ཟིན་པ་རེད། སྐབས་དེར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱམས་དགའ་ཡིས“རྟ་གྲོང་ཚོའི་ནང་དུ་ཁྲིད་ཟིན་པས། ཚང་མས་ཁྱེད་རང་འདིར་བཞུགས་ན་སྙམ་འདུག་པས་དོ་ནུབ་དེར་བཞུགས”ཞེས་བཤད་ནས་ལུའོ་ཅང་དབྱི་གྲོང་མི་ཚོས་གྲོང་ཚོའི་ནང་གདན་འདྲེན་ཞུས། མཚན་མོ་དེར་ལུའོ་ཅང་དབྱི་དང་གྲོང་མི་ཚོ་མཉམ་དུ་སྒོར་གཞས་འཁྲབ་པ་དང་ཇ་འཐུང་གིན་དུ་གྲོང་ཚོའི་ནང་གི་གནད་དོན་ཆེ་ཆུང་སྣ་ཚོཌ་གླེང་པ་རེད།
          གྱོད་གཞི་ཐག་གཅོད་ཀྱིས་མི་རྣམས་མཐུན་པོ་ཡོང་བ་བྱས་པས་བཅའ་ཁྲིམས་ཀྱི་དྲོ་སྐྱིད་མངོན་པ།
          “ཁྲིམས་དཔོན་ལུའོ་ལགས་ཀྱིས་ལོ་མང་རིང་སྐོར་སྐྱོད་གྱོད་སྒྲུབ་དང་ཉེན་སེལ་རོགས་སྐྱོབ་བྱས་པས་མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ཡོད། དེ་སྔོན་མི་སེར་ཁྲོད་འགལ་བ་བྱུང་ཚེ་རྒན་པོའམ་ཡང་ན་ཆོས་ལུགས་ལ་བརྟེན་ནས་ཐག་གཅོད་བྱེད་ཀྱི་ཡོད། ད་ཆ་འགལ་བ་བྱུང་ཚེ་ཁྲིམས་དཔོན་ལུའོ་ལགས་ཀྱིས་བར་འདུམ་བྱ་རྒྱུར་སྒུག་གི་ཡོད། ཁྲིམས་དཔོན་ལུའོ་ལགས་ཀྱིས་བཅའ་ཁྲིམས་ལ་བརྟེན་ནས་མི་རྣམས་བློ་ཡིད་ཚིམ་པ་བྱེད་ཀྱི་ཡོད། ཁོང་གིས་རྟག་ཏུ་གྱོད་གཞི་ཐག་གཅོད་ཐུབ་པ་དང་མི་རྣམས་མཐུན་ཐབས་བྱེད་ཀྱི་ཡོད”ཅེས་རྒན་ཡོལ་ཞུས་པའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱམས་དགའ་ཡིས་བཤད།
          2010ལོའི་ཟླ་6པར། གྲོང་མི་དོན་གྲུབ་ཀྱིས་སྦག་སྦག་བཞོན་ནས་འགྲོ་སྐབས་མཚོ་དགའི་འདྲུད་འཐེན་འཁོར་ལོ་དང་རྡུང་ཁ་ཤོར་བས་དོན་གྲུབ་སྦག་སྦག་དང་མཉམ་དུ་བརྡབས་ཏེ་རྐང་པ་གཡས་པ་ཧྲུག་ཆག་ཐེབས། ལས་འཛོལ་གཏན་འཁེལ་བྱས་པ་བརྒྱུད། མཚོ་དགའ་ཡིས་གུག་ཆ་ནས་གཞན་གྱི་ལམ་བུ་བཟུང་སྟེ་འདྲུད་འཐེན་འཁོར་ལོ་བཏང་བས་དོན་རྐྱེན་དེ་བྱུང་བ་རེད། སྨན་ཁང་དུ་ལུས་པའི་དོན་གྲུབ་ལ་སྨན་རིན་སྤྲོད་རྒྱུ་མེད་པར་བརྟེན། མཚོ་དགའ་ཁྲིམས་ཁང་ལ་སྦྱར་བ་དང་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། མཚོ་དགའ་ཡིས་སྐྱིན་གསབ་སྤྲོད་རྒྱུའི་འགན་འཁུར་དགོས་པའི་ཁྲིམས་ཐག་བཅད། འོན་ཀྱང་ལག་བསྟར་བྱེད་པར་དཀའ་གནད་ཆེན་པོ་ཞིག་འཕྲད་ཡོད། ཞིབ་དཔྱད་བྱས་པ་བརྒྱུད། མཚོ་དགའི་འདྲུད་འཐེན་འཁོར་ལོ་དེ་དངུལ་བུན་གཡར་ནས་ཉོས་ཀྱང་འདྲུད་འཐེན་འཁོར་ལོར་འགན་བཅོལ་ཉོས་མེད་པ་དང་། དངུལ་མ་བསགས་གོང་ནས་ལས་འཛོལ་ཐོན་པའི་ཁར་ཁོང་གི་ཕྲུ་གུ་གསུམ་པོ་ད་དུང་ཆུང་ཆུང་ཡིན་ཞིང་། བཟའ་ཟླའི་གཟུགས་པོ་ཐང་པོ་མེད་པས་ཁྱིམ་དུ་ལྕགས་ཐབ་དང་ཉལ་ཁྲི་ཕུད་ལྕི་བ་མ་གཏོགས་གཞན་གང་ཡང་མེད། “གཅིག་ནི་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པའི་ནད་པ་དང་གཅིག་ཤོས་ནི་ཁྱིམ་དུ་དངུལ་མེད་པའི་ཞུ་སྦྱོར་ཕྱི་མ་ཡིན་པའི་གནད་དོན་དེར”ལུའོ་ཅང་དབྱི་ཡིས་བསམ་གཞིག་ཞིབ་ཕྲ་བྱས་རྗེས། མཐར་ཁོང་གིས་གྱོད་གཞི་དེ་ཁྲིམས་ཁང་གི་ཁྲིམས་འཛིན་རོགས་སྐྱོབ་ཨུ་ལྷན་ལ་སྙན་ཞུ་ཕུལ་ནས་ཞུ་སྦྱོར་སྔ་མར་ཁྲིམས་འཛིན་གྱི་རོགས་སྐྱོབ་ཐུབ་མིན་བལྟས་པ་རེད། སྔོན་ལ་ཞུ་སྦྱོར་སྔ་མ་དཀའ་གནད་ལས་སྒྲོལ་ཐུབ་པ་བྱས་པ་དང་། དེ་རྗེས་ཕྱོགས་གཉིས་པོར་སློབ་གསོ་བརྒྱབ་སྟེ་རྗེས་མའི་སྨན་རིན་དག་དུས་བགོས་འཇལ་སྤྲོད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ལུའོ་ཅང་དབྱི་ཡིས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད། དོན་གྲུབ་ལ་ཁྲིམས་འཛིན་རོགས་དངུལ་སྒོར་5000རག་པ་དང་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་གྲོས་མཐུན་བྱུང་ནས་གྱོད་གཞི་ཐག་གཅོད་ཡག་པོ་ཐུབ་པ་རེད།
          “ཁྲིམས་དཔོན་ཡག་པོ་ཞིག་བྱེད་པར་ཆེད་ལས་ཤེས་བྱ་ཁོ་ནར་བརྟེན་ནས་བསྡད་ན་ཡོང་གི་མེད། ཆེད་ལས་ཤེས་བྱ་སྤྱི་ཚོགས་ཀྱི་འཚོ་བ་དང་ཟུང་འབྲེལ་མ་ཐུབ་ཚེ་སྙིང་པོ་མེད་པར་གྱུར་སྲིད”ལུའོ་ཅང་དབྱི་ཡིས་རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན་ཙའུ་པི་ཧྭ་ཡིས་བཤད་པའི་སྐད་ཆ་དེར་མོས་མཐུན་ཆེན་པོ་བྱེད་ཀྱི་ཡོད། ལོ་ངོ་40ཡི་རིང་། ལུའོ་ཅང་དབྱི་ཡིས་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆའི་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་བཏང་བས་མང་ཚོགས་དང་གཉེན་ཉེ་ལྟ་བུའི་འབྲེལ་བ་ཆགས་ཡོད་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།