
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུས《2020ལོར་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་2019ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་ཟིན་པ་མ་ཟད་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ཁེ་ལས་དང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། སྤྱིའི་ལེགས་སྒྲིག་ཆུ་ཚད་2019ལོའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་གྱི་5%ཡིན་པ་ཁ་གསལ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལེགས་སྒྲིག་ནང་། མུ་མཐུད་གཅིག་གྱུར་ཐོག་བཅད་གྲངས་ལེགས་སྒྲིག་དང་། འབྲེལ་འཛུགས་ལེགས་སྒྲིག དེ་བཞིན་གཟིགས་སྐྱོང་འོས་འཚམ་བཅས་ཟུང་འབྲེལ་གྱི་ལེགས་སྒྲིག་བྱ་ཐབས་སྤྱད་དེ། བཅད་གྲངས་ལེགས་སྒྲིག་ལས་སྤྱི་ཚོགས་དྲང་གཞག་མངོན་པ་དང་། ས་ཁུལ་གཅིག་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་རིགས་སྣ་ཚོགས་ཀྱི་ལེགས་སྒྲིག་ཚད་གཞི་སྤྱིར་ན་གཅིག་མཚུངས་ཡིན་པ། འབྲེལ་ལམ་འཛུགས་པ་ལེགས་སྒྲིག་བྱས་ཏེ“མང་སྤྲོད་མང་ཐོབ་”དང་། “རིང་སྤྲོད་མང་ཐོབ་”ཀྱི་ལྕག་སྐུལ་ལམ་སྲོལ་མངོན་པར་བྱས་ནས་ལས་ཐོག་ཏུ་གྲོན་དངུལ་མང་ཙམ་སྤྲོད་པ་དང་ཡུན་རིང་སྤྲོད་མཁན་ལ་རྒན་གསོའི་དངུལ་མང་ཙམ་རག་ཐུབ་པ་བྱེད་པ། གཟིགས་སྐྱོང་འོས་འཚམ་བྱེད་པ་ལས་གཙོ་གནད་ཐུགས་ཁུར་བྱ་ཡུལ་གཙོ་བོ་ནི་ལོ་ན་མཐོ་བའི་ལས་འཁྱུར་ངལ་གསོ་རྒྱག་མཁན་དང་དཀའ་ཚེགས་ཆེ་བའི་མཐའ་འཁོབ་ས་ཁུལ་གྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་སོགས་ཚོགས་སྤྱི་ཡིན་པ།
《བརྡ་ཐོའི》ནང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གིས་ས་ཁུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོ་བ་དང་སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་བྱས་ཏེ་ལེགས་སྒྲིག་དང་མང་དུ་བཏང་བའི་གཞི་རྩའི་རྒན་གསོའི་དངུལ་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ལག་ཏུ་གང་མགྱོགས་སྤྲོད་དགོས་པ་བསྟན་ཡོད།