བདལ་གཏོང་རླངས་འཁོར་གྱིས་འགྲུལ་པ་ཟླ་སྒྲིལ་གཏོང་ཆོག་གི་མི་འདུག
སྤེལ་དུས 2020-08-03
ཡོང་ཁུངས། ཁྲིམས་གསལ་མེ་ལོང་།
རྩོམ་པ་པོ།
ཉེ་ཆར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱིས་སླར་ཡང་བྱ་ཐབས་སྤྱད་དེ་བདལ་གཏོང་རླངས་འཁོར་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། བདལ་གཏོང་རླངས་འཁོར་ལ་སྡོད་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་འགྲུལ་པ་ཟླ་སྒྲིལ་བཏང་ནས་བླུགས་མི་ཆོག་པ་དང་། གལ་ཏེ་སྒྲིག་འགལ་བྱེད་སྤྱོད་དེ་རིགས་རྩད་གཅོད་ཐུབ་ཚེ་ཁ་ལོ་བར་རླངས་འཁོར་ཁ་བཀག་དུ་བཅུག་པ་དང་འབྲེལ་གྲངས་འབོར་མི་འདྲ་བའི་དངུལ་ཆད་གཏོང་རྒྱུ་རེད་འདུག
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱི་ལས་དོན་མི་སྣས་བདལ་གཏོང་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།
འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་ལས་རིགས་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཇུས་གཞིའི་བླང་བྱ་གཞིར་བཟུང་། འདི་ལོར་དུས་ངེས་མེད་དང་ས་ཆ་ངེས་མེད་དུ་ཞིབ་བཤེར་བྱས་ཏེ་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་བདལ་གླ་མང་པོ་ལེན་པ་དང་། འགྲུལ་པ་མི་བླུག་པ། འགྲུལ་པ་ཟླ་སྒྲིལ་གཏོང་བ། འགྲུལ་པ་ལམ་བར་དུ་འབེབས་པ་སོགས་ཀྱི་སྒྲིག་འགལ་སྐྱེལ་འདྲེན་བྱེད་སྤྱོད་རྩད་གཅོད་ནན་པོ་བྱེད་རྒྱུ་རེད་འདུག
འགྲུལ་པ་ཟླ་སྒྲིལ་བཏང་ནས་བླུགས་པ་དང་དུས་ཚོད་མི་བཀག་པའི་བྱེད་སྤྱོད་ཁྲིམས་འཛིན་མི་སྣས་ཤེས་རྟོགས་བྱུང་ཚེ། བདལ་གཏོང་རླངས་འཁོར་དེའི་གཏོགས་ཁོངས་ཀུང་སིར་ཆད་གཅོད་དག་ཐེར་གྱི་བརྡ་ཐོ་གཏོང་བ་ཕུད། ད་དུང《ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་དོ་དམ་བྱ་ཐབས》ཀྱི་དོན་ཚན་45ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མང་ཤོས་ལ་སྒོར་1000ཡི་ཆད་པ་གཅོད་པའི་གཏན་འབེབས་ལྟར་དངུལ་ཆད་གཏོང་རྒྱུ་རེད། གལ་ཏེ་གྲོང་མིས་བདལ་གཏོང་རླངས་འཁོར་སྡོད་སྐབས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་འགྲུལ་པ་ཟླ་སྒྲིལ་བཏང་ནས་བླུགས་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། ལྷ་ས་གྲོང་ཁྱེར་སྐྱེལ་འདྲེན་སྲིད་འཛིན་ལྟ་སྐུལ་གྱི་ཁ་པར་ཨང་གྲངས་0891—96123བརྒྱབ་ནས་ཐེར་འདོན་བྱས་ཏེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆོག
བདལ་གཏོང་རླངས་འཁོར་གྱིས་འགྲུལ་པ་ཟླ་སྒྲིལ་བཏང་ནས་བླུགས་རྒྱུ་གཏན་འགོག་བྱས་རྗེས། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་ཇི་ལྟར་བྱས་ནས་འགན་ལེན་བྱེད་དགོས་པའི་ཐད། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་མཐུན་གྱི་དྲ་ཐོག་སྔོན་མངགས་རླངས་འཁོར་མུ་མཐུད་བསྡུས་ཏེ་སྤྱི་དམངས་ཀྱི་འགྲོ་སྐྱོད་དགོས་མཁོ་སྐོང་རྒྱུ་དང་ཆབས་ཅིག སྐྱེལ་འདྲེན་གྱི་བདེ་འཇགས་དང་འགྲུལ་པའི་ཁྲིམས་མཐུན་ཁེ་དབང་སྔར་བས་འགན་ལེན་ཡག་པོ་བྱེད་རྒྱུ་རེད།