དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མངའ་རིས་ཀྱི་རི་སྐྱེས་སྲོག་ཆགས་བདག་སྐྱོང་པས་མི་མེད་ལུང་སྟོང་དུ་དཀའ་ཉེན་འགྲིམས་པའི་སྐོར་བཀོད་པ།

སྤེལ་དུས 2020-08-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          སྲུང་སྐྱོང་ཁུལ་གྱི་ས་ཆ་ཚང་མར་སྐོར་གཡེང་བྱས་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་རྒྱུ་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་པའི་འགན་འཁྲི་ཞིག་རེད།
          2017ལོའི་ཟླ་12པར། བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མཚོ་སྒོར་ཉི་མ་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་ཚེ་བརྟན་ཆོས་གྲུབ་ཀྱིས་བདག་སྐྱོང་པ་བཞི་ཁྲིད་དེ་ཕི་ཁ་རླངས་འཁོར་བཏང་ནས་མི་མེད་ལུང་སྟོང་དུ་སྐོར་གཡེང་ལ་བསྐྱོད།
          བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་བོད་ཀྱི་བྱང་ཐང་ས་མཐོར་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་29.8ཟིན་པ་ལས་སྒེར་རྩེ་རྫོང་གི་ས་ཁོངས་སུ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10.6ལྷག་ཙམ་ཡོད།
          ཚེ་བརྟན་ཆོས་གྲུབ་ཀྱིས“རི་སྐྱེས་སྲོག་ཆགས་མང་ས་ཁག་གཅིག་ཏུ་ཕྱིན་པ་ཡིན། ཧ་ལམ་སྤྱི་ལེ་300ལྷག་ཙམ་ཕྱིན་འདུག”ཅེས་བརྗོད་པ་དང་། ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ་སྐོར་གཡེང་བྱས་ནས་དོ་དམ་ས་ཚིགས་སུ་ལོག་རྩིས་བྱས།
          མངའ་རིས་སུ་དགུན་དུས་དྲག་རླུང་ལྡང་གི་ཡོད། ཚེ་བརྟན་ཆོས་གྲུབ་ལོག་ཡོང་བའི་ལམ་བར་དུ་རླུང་འཚུབ་དྲག་པོ་ལྡང་ནས་བྱེ་རྡུལ་གྱིས་འགྲོ་ལམ་གསལ་པོ་མ་མཐོང་བས་རླངས་འཁོར་དར་ཆགས་པའི་གཙང་པོར་ཁ་ཤོར།
          སྐབས་དེར་ག་བྱེད་འདི་བྱེད་མེད་པར་གྱུར་བའི་ཚེ་བརྟན་ཆོས་གྲུབ་ཀྱིས་ཕར་ལྟ་ཚུར་ལྟ་བྱེད་སྐབས་རླངས་འཁོར་ནང་ཆུ་འཛུལ་ནས་ཁོང་གི་རྐང་ཚིག་ཡོད་སར་སླེབས།
          དེ་གར་མི་མེད་ལུང་སྟོང་ཡིན་པས་ཁ་པར་ལ་བརྡ་རྟགས་མེད་པས་མི་གཞན་དང་འབྲེལ་བ་བྱེད་ཐབས་བྲལ། བདག་སྐྱོང་པ་བསམ་གྲུབ་ཀྱིས་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་ང་ཚོ་ལས་རོགས་ཚོས་འཁྱག་རོམ་སྟེང་དུ་ལངས་ནས་རླངས་འཁོར་འབུད་བཀྱག་བཏང་བ་དང་ཚེ་བརྟན་ཆོས་གྲུབ་ཀྱིས་རླངས་འཁོར་འོག་ཏུ་འདེགས་ཆས་བཞག་ནས་རླངས་འཁོར་གཙང་ངོགས་སུ་འཐེན་རྩིས་བྱས་ཀྱང་འཐེན་ཐུབ་ཀྱི་མི་འདུག་ཅེས་བརྗོད།
          རླངས་འཁོར་འཐེན་མ་ཐུབ་པས། དེ་གར་བསྐྱུར་ནས་རྐང་ཐང་མར་ཆུ་ཚོད་9ཙམ་བསྐྱོད་པ་ན་མཐར་བརྡ་རྟགས་ཡོད་ས་ཞིག་ཏུ་སླེབས། ལས་རོགས་ཚོས་ལམ་སེང་རྫོང་དུ་ཁ་པར་བརྒྱབ་ནས་ཉེན་སྐྱོབ་བྱ་རྒྱུའི་རེ་ཞུ་བྱས། རྫོང་སྲིད་གཞུང་གིས་ནགས་ཚལ་སྤྱི་བདེ་ལམ་སེང་ཉེན་སྐྱོབ་བྱ་ཡུལ་དུ་མངགས།
          ཉེན་སྐྱོབ་ཀྱི་འགན་ཁུར་བའི་ནགས་ཚལ་སྤྱི་བདེའི་མི་སྣ་ཚེ་རིང་ནོར་བུས། ཉིན་དེར་ང་ཚོ་ཡང་སྲུང་སྐྱོང་ཁུལ་དུ་སྐོར་གཡེང་བྱེད་བཞིན་ཡོད། བརྡ་ཐོ་འབྱོར་རྗེས་ལམ་སེང་ཉེན་སྐྱོབ་བྱ་ཡུལ་དུ་བསྐྱོད་པ་ཡིན། ཚེ་བརྟན་ཆོས་གྲུབ་དང་བཅས་པ་རྙེད་རྗེས་ལས་རོགས་ཚོར་ཁོང་ཚོ་སྨན་ཁང་དུ་སྐྱེལ་དུ་བཅུག་པ་དང་ང་རང་གིས་བདག་སྐྱོང་པ་ཞིག་ཁྲིད་ནས་རླངས་འཁོར་ལུས་སར་རླངས་འཁོར་འཐེན་པར་བསྐྱོད་པ་ཡིན་ཞེས་བརྗོད།
          བདག་སྐྱོང་པ་བཞིར་རྨས་སྐྱོན་ཕོག་མེད་ཀྱང་། ཚེ་བརྟན་ཆོས་གྲུབ་གྲང་ངར་ཆེ་བའི་ཆུའི་ནང་སྡོད་ཡུན་རིང་བའི་ཁར་རྐང་ཐང་མར་ཡུན་རིང་པོ་བསྐྱོད་པས་རྐང་པ་གཉིས་ཚོར་སྣང་མེད་པར་གྱུར།
          འོན་ཀྱང་སྨན་ཁང་དུ་སླེབས་ནས་ཡུན་རིང་མ་སོང་བར་གཏམ་ངན་གྲགས་ཤིང་། “ཁོང་གི་རྐང་མཛུབ་འཁྱག་སྦོས་ཐེབས་ནས་ཁྲག་འཁོར་སྐྱོད་མི་ཐུབ་པས་འཕྲལ་མར་མཛུབ་མོ་གཅོད་པའི་གཤགས་བཅོས་བྱེད་དགོས། གལ་སྲིད་ནར་འགྱངས་བྱས་ན་རྐང་པ་གཅོད་དགོས་ཀྱི་རེད”ཅེས་སྨན་པས་བརྗོད།
          རྐང་པ་གཅོད་མི་དགོས་པ་བྱ་ཆེད་གཤགས་བཅོས་མི་བྱེད་ཀ་མེད་བྱུང་བ་རེད། སྐབས་དེ་དུས་ཁོང་ལོ་24ལས་སླེབས་ཀྱི་མེད།
          སྨན་ཁང་དུ་ཟླ་བ་གཅིག་ཙམ་བསྡད་རྗེས་སྨན་པའི་མོས་མཐུན་ཐོབ་པ་བརྒྱུད་ཚེ་བརྟན་ཆོས་གྲུབ་ཁྱིམ་ལ་ལུས་གསོ་བར་བཏང་། ལོ་གཅིག་སོང་རྗེས་ཁོང་སླར་ཡང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་ས་ཚིགས་སུ་ལས་ཀར་སླེབས།
          ད་ཆ་ཁོང་དེ་སྔ་ལྟར་མི་མེད་ལུང་སྟོང་དུ་སྐོར་གཡེང་བྱེད་མི་དགོས། ཚེ་བརྟན་ཆོས་གྲུབ་ཀྱིས། རྐང་པའི་མཛུབ་མོ་བཅད་རྗེས་མུ་མཐུད་ནས་འགྲོ་ཐུབ་ཀྱང་ཡུན་རིང་བསྐྱོད་པའམ་ཅ་ལག་ལྗིད་པོ་ཁུར་སྐབས་སྐེད་པ་དང་རྐང་མཐིལ་ནས་ན་ཟུག་རྒྱག་གི་འདུག་ཅེས་བརྗོད།
          ཚེ་བརྟན་ཆོས་གྲུབ་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་པ་ཞིག་གི་བསྡུས་རིས་རེད། 2015ལོར་མངའ་རིས་ས་ཁུལ་གྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་ས་ཚིགས་37བཙུགས་ཏེ་ཆེད་བསྐོས་བདག་སྐྱོང་པ390བསྡུས་པ་རེད། ཁོང་ཚོས་ཚེ་བརྟན་ཆོས་གྲུབ་ལྟར་དཀའ་ངལ་ལ་མི་སྐྲག་པར་རི་སྐྱེས་སྲོག་ཆགས་ཀྱི་ལྗང་མདོག་ཁྱིམ་གཞིས་སྲུང་བཞིན་ཡོད།