གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོ་ཁུལ་དུ་ཁྲིམས་འགལ་ངང་འགྲོ་སྐྱོད་བྱ་རྒྱུ་གཏན་འགོག་བྱས་པ།
སྤེལ་དུས 2020-08-27
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་པ་པོ།
ཚེས25ཉིན། གསར་འགོད་པར་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་ཉེན་ཡོད་པའི་ཁྲིམས་འགལ་འགྲོ་སྐྱོད་སོགས་ཀྱི་བྱེད་སྒོར་དམིགས་ནས། རྫ་ཆུའི་ཆུ་འགོའི་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ལྷན་གྱིས་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་གང་བྱུང་གླིང་ཁུལ་དུ་བསྐྱོད་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་པ་རེད། གལ་སྲིད་ཁྲིམས་འགལ་ངང་གླིང་ཁུལ་དུ་འགྲོ་སྐྱོད་བྱས་ཏེ་མཇུག་འབྲས་ཚབས་ཆེན་བཟོས་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུའི་སྤྱི་བསྒྲགས་སྤེལ་བ་རེད།
གཙང་གསུམ་ཆུ་འགོ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དང་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་དང་པོ་ཡིན་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྣམ་པ་ནི“གླིང་གཅིག་དང་ཁུལ་གསུམ”ཡིན་ཞིང་། “གླིང་གཅིག”ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཡིན་པ་དང་། “ཁུལ་གསུམ”ནི་འབྲི་ཆུའི་ཆུ་འགོ(ཁུ་ཁུ་ཤིས་རི)དང་། རྨ་ཆུའི་ཆུ་འགོ རྫ་ཆུའི་ཆུ་འགོ་བཅས་ཡིན།
སྤྱི་བསྒྲགས་ནང་། གཏན་འབེབས་ལས་འགལ་བའི་ཚན་པའམ་མི་སྒེར་སུ་ཡིན་རུང་རྩད་ཆོད་ཐུབ་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》དང《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་གཅོད་ནན་པོ་བྱ་རྒྱུ་ཡིན། ཁྲིམས་འགལ་ངང་འགྲོ་སྐྱོད་བྱེད་པ་སོགས་ཀྱིས་རྐྱེན་པས་སྲུང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་མཁན་ཚན་པའམ་མི་སྒེར་སུ་ཡིན་རུང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ནས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། ཁྲིམས་འགལ་བྱེད་སྒོས་རྐྱེན་པས་མི་སྣ་ཤི་རྨས་སོགས་ཀྱི་དོན་རྐྱེན་ཐོན་ཚེ་དེའི་འགན་འཁྲི་ཁྲིམས་འགལ་ངང་འགྲོ་སྐྱོད་སོགས་ཀྱི་བྱེད་སྒོ་སྤེལ་མཁན་ཚན་པའམ་མི་སྒེར་གྱིས་འཁུར་དགོས་པ་བཏོན་ཡོད། །