ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་དུ་མར་མི་དམངས་འདུམ་འགྲིག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནངས་ཤིང་། མི་དམངས་འདུམ་འགྲིག་ལས་དོན་ལེགས་པར་སྒྲུབ་པ་དང་མི་དམངས་འདུམ་འགྲིག་པའི་རུ་ཁག་འཛུགས་སྐྲུན་བཅས་ཀྱི་ཐད་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། རྒྱ་ཆེའི་མི་དམངས་འདུམ་འགྲིག་པ་ཚོས་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་ནས། གཞི་རིམ་ལ་རྐང་བཙུགས་ཏེ། ཕངས་སེམས་ཅི་ཡང་མེད་པར་ལས་དོན་ཐད་ཧུར་ཐག་འབད་ཐག་བྱས་ནས། འགལ་བ་གཙང་བཤེར་དང་ཐག་གཅོད་བྱེད་པའི་ལས་དོན་ལེགས་པར་སྒྲུབས་ཤིང་། དོན་དངོས་ཐོག་འགལ་བའི་ས་བོན་རྩ་བ་ནས་བཅོམས་ཏེ་སྤྱི་ཚོགས་བརྟན་འཇགས་དང་འཆམ་མཐུན་ལ་སྲུང་སྐྱོབ་བྱས་ནས། དམངས་ཀྱི་འཚོ་བ་ལེགས་བཅོས་དང་དེ་ལ་འགན་སྲུང་བྱེད་པར་བྱས་རྗེས་རླབས་ཆེན་བཞག་ཡོད་པ་རེད།
དོ་བདག་གིས་འདུམ་འགྲིག་མཁན་ལ་བཀའ་བཟོའི་ཁ་བཏགས་འབུལ་གྱིན་པའི་རྣམ་པ།
ཉེ་ལམ་ཐུན་ཏེ་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་འོག ཟླ7པའི་ཚེས1ཉིན་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་མཉམ་འབྲེལ་སྒོས་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ལྟེ་གནས་བཙུགས་ཤིང་། རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་ཕྱོགས་བསྡུས་མཉམ་འབྲེལ་དང་། སྣ་མང་མཉམ་སྐྱོང་། སྤྱི་ཚོགས་གསབ་ཞུགས་བྱེད་པའི་འགལ་རྩོད་རིམ་གསུམ་དབྱེ་ཞིབ་གཟུ་འདུམ་གྱི་བྱ་བའི་རྣམ་པ་ཆགས་སུ་བཅུག་ནས། ཆ་འཕྲིན་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། བྱ་བ་མཉམ་སྒྲུབ། འགལ་བ་མཉམ་སེལ་བཅས་བྱེད་པའི་བྱ་བའི་ལམ་ཕྱོགས་བཏོན་པ་དང་། ཞོར་ཏུ་དབྱེ་ཞིབ་ཆེན་མོ་དང་། གཟུ་འདུམ་ཆེན་མོའི་བྱེད་སྒོ་སྤེལ་ཏེ་རྫོང་ཡོངས་ཀྱི་ལོ་མང་རིང་འདུམ་མ་ཐུབ་པའི་འགལ་རྩོད་སྣེ་མང་ཅན་དག་ཆེད་དུ་འདུམ་སྒྲིག་བྱས།
འགལ་བ་འདུམ་འགྲིག་བྱུང་ནས་འཆམ་མཐུན་མཉམ་པར་བསྐྱོན་པའི་རྣམ་པ།
ལྟེ་གནས་ཀྱིས་གཟའ་འཁོར་གཅིག་ལྷག་གི་དུས་ཚོད་བེད་སྤྱད་ནས་རྫོང་ཡོངས་སུ་དབྱེ་ཞིབ་ཆེན་མོ་དང་། གཟུ་འདུམ་ཆེན་མོའི་བྱེད་སྒོ་སྤེལ་ཏེ། མཉམ་དུ་ལོ་མང་རིང་རིམ་པ་སོ་སོའི་འདུམ་སྒྲིག་རྩ་འཛུགས་ཀྱིས་འདུམ་མ་ཐུབ་པའི་གཉེན་དོན་ཁྱིམ་དོན་དང་། དམངས་ཁྲོད་བསྐྱི་དངུལ། ཉོ་ཚོང་གན་རྒྱ། དམངས་ཁྲོད་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་སོགས་དམངས་དོན་འགལ་བ་སྣེ་མང་རྙོག་འཛིང་ཅན14ལྷག་ལེགས་པར་འདུམ་པས། འདུམ་སྒྲིག་ལེགས་འགྲུབ་བྱུང་ཚད100%ལ་སླེབས།
དམངས་ཀྱི་འགལ་བ་སེལ་ནས་བཀའ་དྲིན་ཞུ་ཡིག་ཐོབ་པའི་རྣམ་པ།
ཐེངས་འདིའི་འདུམ་འགྲིག་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ལྟེ་གནས་ཀྱི་ལས་བྱེད་པ་རྡོ་རྗེ་ཚེ་རིང་གིས“ལྟེ་གནས་ཀྱི་ལས་བྱེད་པས་ཐོག་མར་དོ་བདག་ཕྱོགས་གཉིས་ལ་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་བསྒྲགས་པ་དང་། དེ་ནས་གྱོད་གཞིའི་དངོས་ཡོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པར་མ་ཟད། དོ་བདག་ལ་ཁྲིམས་དང་གནས་ལུགས་ཟུང་འབྲེལ་གྱིས་སློབ་གསོ་རྒྱ་ཆེན་པོ་བཏང་ནས་བར་གྱི་འགལ་རྩོད་ཡོངས་སུ་ཞི་བར་འབད་པ་བྱས། གཟུ་བས་སེམས་ཞིབ་མོས་སློབ་གསོ་དང་འདུམ་སྒྲིག་བྱས་པར་བསྟེན་ནས་དོ་བདག་དག་གིས་ཀྱང་རང་གི་སྐྱོན་ཆ་ངོས་ཟིན་ནས་རང་འགུལ་གྱིས་གྱོད་འགྲིག་པ་རེད”ཅེས་གསུངས།
མི་དམངས་འདུམ་འགྲིག་པས་མང་ཚོགས་ལ་ཁྲིམས་ལུགས་སློབ་གསོ་དྲིལ་སྒྲོག་བྱེད་པའི་རྣམ་པ།
ཐེངས་འདིའི་དབྱེ་ཞིབ་ཆེན་མོ་དང་། གཟུ་འདུམ་ཆེན་མོའི་བྱེད་སྒོ་སྤེལ་བ་བརྒྱུད། ལོ་མང་རིང་གི་དམངས་སེམས་ཀྱི་སྡུག་བསྔལ་རེ་འགའ་ཞི་བར་བྱས་པར་མ་ཟད། སྤྱི་ཚོགས་བདེ་འཇགས་ཀྱི་བག་གནས་རྒྱུ་རྐྱེན་སེལ་ནས་ལས་ཁུངས་རྣམས་ཀྱི་ཡིད་རྟོན་མཐོར་འདེགས་བྱས་པར་མ་ཟད། འཆམ་མཐུན་གྱི་ཐུན་ཏེ་རྫོང་འཛུགས་སྐྲུན་བྱེད་པར་རང་གི་ནུས་པ་ཕུལ་ཡོད་པ་རེད།