བྲག་ཡིབ་ཆུས་ཀྱིས་གཞོན་ནུ་དང་བླངས་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས།
འབྲུ་རིགས་ལ་གྲོན་ཆུང་བྱས་ཏེ་འཕྲོ་བརླག་གཏོང་རྒྱུ་ནན་འགོག་བྱེད་པའི་གྲོས་འགོ་བཏོན་པ།
སྤེལ་དུས 2020-09-30
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། བྲག་ཡིབ་ཆུས་སྡེ་ཚོགས་ཨུ་ལྷན་གྱིས་བྲག་ཡིབ་ཆུས་སྤྱི་ཁྱབ་བཟོ་ཚོགས་དང་བྲག་ཡིབ་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་དང་མཉམ་དུ་བྲག་ཡིབ་ཆུས་ལས་ཁུངས་ཀྱི་ཟ་ཁང་དང་བྲག་ཡིབ་གྲོང་རྡལ་གྱི་གྲོང་ཁུལ་གསར་པའི་ཚོང་ལས་ཁྲོམ་གཞུང་དུ་བསྐྱོད་དེ“རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་དང་གྲོན་ཆུང་བསྲི་ཚགས་ལག་བསྟར་ནན་པོ་བྱེད་པའི”གཞོན་ནུ་དང་བླངས་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དང་བླངས་པ་100ལྷག་ཙམ་གྱིས་བྱེད་སྒོར་ཞུགས་ཏེ་དྲིལ་བསྒྲགས་ཡི་གེ་2000ལྷག་ཙམ་སྤྲད་པ་རེད།
བྱེད་སྒོ་སྤེལ་རིང་རྒྱ་ཆེའི་དང་བླངས་པས་འགྲོ་འོང་བྱེད་མཁན་གྱི་གྲོང་མིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། མི་སྣ་གཅིག་སྡུད་ཁུལ་དུ“གྲོན་ཆུང་ལག་བསྟར་ནན་པོ་བྱས་ཏེ་ལྕེ་ཐོག་གི་འཕྲོ་བརླག་བཀག་འགོག་བྱེད་པའི”བརྙན་ལམ་བསྟན་པ། ཟ་ཁང་དང་ཚོང་ཁང་ཁག་ཏུ་དྲིལ་བསྒྲགས་ཡི་གེ་སྤྲོད་པ་དང་དྲིལ་བསྒྲགས་སྦྱར་ཡིག་དང་གསལ་བརྡ་སྦྱོར་བ་སོགས་བྱས་པ་བརྒྱུད། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་དང་མང་ཚོགས་ཚོར་འབྲུ་རིགས་ལ་གྲོན་ཆུང་དང་འཕྲོ་བརླག་གཏོང་རྒྱུ་བཀག་འགོག་བྱ་རྒྱུ་དར་སྤེལ་བཏང་བས། བྲག་ཡིབ་ཆུས་སུ“གྲོན་ཆུང་ལག་བསྟར་ནན་པོ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི”དར་སྲོལ་གསར་པ་ཞིག་ཆགས་པ་རེད།
བྱེད་སྒོ་སྤེལ་བ་དེས་ཚང་མས་འཕྲོ་བརླག་གཏོང་བའི་ཚབས་ཆེའི་རང་བཞིན་ངོས་འཛིན་ཐུབ་པ་མ་ཟད་ཁྱིམ་དང་ཕྱི་ལ་ལྟོ་བཟའ་སྐབས་འཕྲོ་བརླག་མི་གཏོང་བ་གང་ཐུབ་བྱས་ཏེ། འཕྲོ་བརླག་གཏོང་བ་ནི་ཞེ་ཁྲེལ་དང་གྲོན་ཆུང་བྱེད་པ་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།