སྨི1000ལ་རྒྱུག་ནས་བུ་མོ་ཆུང་ཆུང་ཞིག་གི་སྲོག་བསྐྱབས་པ།
སྤེལ་དུས 2020-11-25
ཡོང་ཁུངས།
རྩོམ་པ་པོ།
ཉེ་ཆར། ཀོའེ་ཀྲོའུ་ཁེ་ལི་གྲོང་ཁྱེར་དུ་ལོ་གཅིག་ཅན་གྱི་བུ་མོ་ཞིག་ལ་གློ་བུར་དུ་འཁུམ་འདར་བརྒྱབ་ནས་དྲན་པ་ཐོར་བའི་རྐྱེན་གྱིས་མོའི་ཨ་མས་རླངས་འཁོར་བཏང་ནས་མོ་རང་སྨན་ཁང་དུ་སྐྱེལ། འོན་ཀྱང་ལམ་བར་དུ་འགྲིམ་འགྲུལ་འགག་རྐྱེན་བྱུང་ནས་མོ་འུ་ཐུག་ནས་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པར་རོགས་རམ་ཞུས་ཐོག འགྲིམ་འགྲུལ་ཉེན་རྟོག་པ“ཆེས་མགྱོགས་པའི་མྱུར་ཚད”ཀྱིས་སྨི1000ལྷག་ལ་རྒྱུག་ནས་བུ་མོ་ཆུང་ཆུང་དེ་དུས་ལྟར་སྨན་ཁང་དུ་བསྐྱལ་ཞིང་མོའི་སྲོག་བསྐྱབས།

ཟླ11པའི་ཚེས11ཉིན་གྱི་ཆུ་ཚོད8དང་སྐར་མ5ཡི་སྟེང་། ལས་ཚོགས་ལ་འགྲོ་བའི་མཐོ་རླབས་འཕྱུར་བའི་སྐབས་སུ། གཞུང་ལམ་ཕྱོགས་གཉིས་སུ་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཧ་ཅང་མང་ཞིང་རྒྱུན་ཆད་མེད། སྐབས་དེར། འགྲིམ་འགྲུལ་ལ་ལམ་སྟོན་མཛུབ་ཁྲིད་བྱེད་བཞིན་པའི་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པ་ཐང་རུང་ཧུའེ་དང་ཞའོ་ཡུས་ལུང་གཉིས་ལ་རླངས་འཁོར་ཁ་ལོ་པ་ཞིག་གི་རོགས་སྐྱོབ་རེ་ཞུ་འབྱོར་བྱུང་། མོས་ཉེན་རྟོག་པར“རང་ཉིད་ཀྱི་ལོ་གཅིག་ལ་སོན་པའི་བུ་མོར་གློ་བུར་དུ་འཁུམ་འདར་བརྒྱབ་སྟེ་དྲན་པ་ཐོར་བས། མྱུར་དུ་སྨན་ཁང་དུ་སྐྱེལ་ཏེ་སྨན་བཅོས་བྱ་དགོས་པ་དང་། ད་ལྟ་འགྲིམ་འགྲུལ་ཁག་པས་གནས་ཚུལ་ཧ་ཅང་ཛ་དྲག་རེད”ཅེས་བཤད་བྱུང་། འགྲིམ་འགྲུལ་ཉེན་རྟོག་པ་ཞའོ་ཡུས་ལུང་གིས་ཉེན་སྤྱོད་འཕྲུལ་རྟ་ཞོན་ནས་མདུན་ཕྱོགས་སུ་རླངས་འཁོར་ལ་ལམ་སྟོན་གྱི་མཛུབ་ཁྲིད་བྱས་པ་དང་། ཐང་རུང་ཧུའེ་གཞུང་ལམ་གྱི་དཀྱིལ་དུ་སོང་ནས་མོའི་རླངས་འཁོར་ལ་ལམ་ཕྱེས་མོད། འོན་ཀྱང་སྐབས་དེར་རླངས་འཁོར་མང་དྲགས་པས་རླངས་འཁོར་གྱི་འགྲོ་སྐྱོད་ཧ་ཅང་དལ།

མདུན་ཕྱོགས་སུ་རྒྱུག་ནས་ཧ་ལམ་སྨི400ལྷག་ལ་ལམ་ཕྱེས་རྗེས། དུས་ཚོད་དམ་འཛིན་སྒོས་ཉེན་ཁའི་གནས་སུ་ལྷུང་བའི་བུ་མོ་ཆུང་ཆུང་འདིའི་སྲོག་སྐྱོབ་པར་འགན་ལེན་བྱ་ཆེད། ཐང་རུང་ཧུའེ་ཡིས་མོའི་རླངས་འཁོར་ལམ་འགྲམ་དུ་འཇོག་རྒྱུ་བྱས་ཤིང་། ཁོས་རླངས་འཁོར་ལས་བུ་མོ་ཆུང་ཆུང་དེ་པང་དུ་བླངས་ནས་མགྱོགས་མྱུར་ངང་སྨན་ཁང་གི་ཕྱོགས་སུ་རྒྱུག་ཅིང་། དུས་ཡུན་ཐུང་ངུའི་ནང་སྨི1000ལྷག་ལ་རྒྱུག་མཐར་དུས་ལྟར་མྱུར་སྐྱོབ་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་རེད།
དུས་ཚོད་འགོར་འགྱངས་མ་བྱས་པར་དུས་ཐོག་ཏུ་མྱུར་སྐྱོབ་བྱས་པའི་དབང་གིས། བུ་མོ་ཆུང་ཆུང་དེ་སྲོག་ཉེན་ལས་ཐར་ནས་ད་ལྟ་ལུས་པོ་ཇེ་བདེར་གྱུར།
རྗེས་སུ་འགྲིམ་འགྲུལ་ཉེན་རྟོག་པ་ཐང་རུང་ཧུའེ་ཡིས་བཤད་རྒྱུར། “བུ་མོ་ཆུང་ཆུང་དེའི་དྲན་པ་ཉམས་ཤིང་ཚོར་བ་མེད་པར་གྱུར་ཅིང་། སྐབས་དེར་རང་ཉིད་ཀྱང་འཚུབ་ཆ་ལངས་པས། མང་པོ་ཞིག་ལ་བསམ་བློ་གཏོང་ཁོམ་མ་བྱུང་པར་མགྱོགས་མྱུར་ངང་རྒྱུག་པ་ཡིན”ཞེས་བཤད།
ང་ཚོས་འགྲིམ་འགྲུལ་ཉེན་རྟོག་པར་བསྟོད་པའི་མཐེ་བོང་སྒྲེང་།
རྩོམ་སྒྲིག་པ། བདེ་སྒྲོལ།