ལུའུ་ཐོའུ(路透)རྒྱ་ཡིག་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ཐ་ལིའི་སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་གཙོ་སྐྱོང་ལས་ཁུངས་ཀྱིས་གཟའ་ཟླ་བར་བསྟན་དོན། ཀུ་ཤུ་ཀུང་སི་ལ་ཡོ་སྒོར་ཁྲི1000(ཨ་སྒོར་ཁྲི1200)གི་ཆད་པ་བཅད་ཡོད། དེའི་རྒྱུ་མཚན་ནི་དེསiPhoneབཙོང་བའི་བྱ་སྤྱོད་ལ“བཙན་འཛུལ་རང་བཞིན་དང་བསླུ་བྲིད་རང་བཞིན”ལྡན་པའི་རྐྱེན་གྱིས་རེད་ཅེས་བསྟན།
གནས་ཚུལ་སྤེལ་བར་གཞིགས་ན། ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཀུང་སི་དེའི་བརྡ་ཁྱབ་ནངiPhoneཁ་པར་རིགས་མང་པོར་ཆུ་འགོག་ནུས་པ་ལྡན་ཡོད་ཅེས་བརྗོད་པ་ལས། དམིགས་བསལ་གྱི་གནས་ཚུལ་འོག་ད་གཟོད་ཆུ་འགོག་ནུས་པ་ལྡན་པ་གསལ་བཤད་བྱས་མེད་ཅེས་བསྟན།
ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ད་དུང་བསྟན་དོན། ཀུ་ཤུ་ཀུང་སིས་འགན་མེད་གསལ་བསྒྲགས་ནང་གཤེར་གཟུགས་ཀྱིས་གནོད་འཚེ་ཕོག་པའི་ལག་ཐོགས་ཁ་པར་དེ་འགན་སྲུང་བརྟན་པོའི་གྲས་སུ་མི་ཚུད་པ་གསལ་བསྒྲགས་བྱས་པ་དེས་ཉོ་མཁན་ལ་བསླུ་བྲིད་བཏང་བ་རེད། གལ་ཏེ་ཁ་པར་ལ་ཆུ་དང་གཞན་པའི་གཤེར་གཟུགས་ཀྱི་གནོད་སྐྱོན་བྱུང་ནའང་རོགས་སྐྱོར་མི་བྱེད་ཅེས་བསྟན།
ཀུ་ཤུ་ཀུང་སིས་གོང་སྨྲས་ཀྱི་གནས་ཚུལ་ལ་ལན་སློག་མེད།
སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཟླ7པར། སྐུ་ཞབས་ཡན་ལགས་ཀྱིiPhone XS Maxཆུ་ནང་དུ་སྐར་མ2ལྷུང་བའི་རྐྱེན་གྱིས་ལག་ཐོགས་ཁ་པར་ལ་ཆག་སྐྱོན་བྱུང་།(ལག་ཐོགས་ཁ་པར་དེ2018ལོའི་ཟླ10པར་ཉོས་པ།) ཀུ་ཤུའི་ཞིག་གསོ་ཁང་གིས་ཞིབ་དཔྱད་ཚད་ལེན་བྱས་རྗེས་བཏོན་པའི་གཞི་གསོའི་གྲོན་དངུལ་ནི་སྒོར4600རེད། སྐུ་ཞབས་ཡན་ལགས་ཀྱིས་ཀུ་ཤུའི་གཞུང་ཕྱོགས་དྲ་ཚིགས་ཀྱི་མཚམས་སྦྱོར་བརྡ་ཁྱབ་ནང“ཆུ་ནང་དུ་སྐར་མ30རིང་བཞག་ཆོག”ཅེས་བྲིས་ཡོད་པས། ཀུ་ཤུའི་ཀུང་སིའི་མཚམས་སྦྱོར་བརྡ་ཁྱབ་ལས་དྲིལ་བསྒྲགས་རྫུན་མ་བྱས་ཏེ་འཛད་སྤྱོད་པར་བསླུ་བྲིད་བཏང་པ་ཡིན་པར་བསྟན།
སྐབས་དེར། ཀུ་ཤུ་ཀུང་སིའི་ཕྱོགས་ནས་དེའི་ཐད་ལ་ལན་བཏབ་ནས་བརྗོད་དོན། iPhoneཡིས་བསྟན་པ་ནི“ཆུ་ཆགས་མི་ཐུབ”ཅེས་པའི་དོན་ཡིན་པ་ལས“ཆུ་འགོག”ཅེས་པའི་དོན་མིན། ལག་ཐོགས་ཁ་པར་གྱི་སྟེང་དུ་ཆུ་ཆགས་མི་ཐུབ་པ་ལས། ཁ་པར་གསར་པ་ཡིན་རུང་གལ་ཏེ་ཁ་པར་གྱི་ནང་དུ་ཆུ་ཤོར་བ་ཡིན་ན་ཞིག་གསོའི་ཁག་ཐེག་མི་བྱེད་པ་ཡིན་ཞེས་བསྟན།
རྩོམ་སྒྲིག་པ། བདེ་སྒྲོལ།