གཏམ་བཟང་། དེ་རིང་ནས་དངོས་སུ་ལག་བསྟར་བྱས་འདུག
སྤེལ་དུས 2021-01-29
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཚེས་28ཉིན། གསར་འགོད་པས་རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་ནས་ཤེས་རྟོགས་བྱས་པར། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་བླང་བྱ་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་དང་མང་ཚོགས་ཀྱི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་ཀྱིས་རང་ལྗོངས་ཀྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་དང་ཏོག་དབྱིབས་ནད་དུག་འགོག་པའི་ནུས་པ་ཐོན་མིན་བརྟག་དཔྱད་ཀྱི་རིན་གོང་ལེགས་སྒྲིག་བྱས་པ་རེད། ལེགས་སྒྲིག་བྱས་རྗེས། ལྗོངས་ཡོངས་ཀྱི་རིམ་གསུམ་གཞུང་བཙུགས་སྨན་ཁང་གི་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་རིན་གོང་མི་རེར་སྒོར་200ནས་ད་ཆ་མི་རེར་སྒོར་80བར་བཅག་པ་དང་། རིམ་གཉིས་དང་དེ་བཞིན་རིམ་གཉིས་མན་གྱི་གཞུང་བཙུགས་སྨན་ཁང་གིས་མི་རེར་སྒོར་72ལེན་རྒྱུ(བརྟག་དཔྱད་ཚུད་པ)རེད། ཏོག་དབྱིབས་ནད་དུག་གསར་པ་འགོག་པའི་ནུས་པ་ཐོན་མིན་བརྟག་དཔྱད་ཀྱི་རིན་གོང་མི་རེར་སྒོར་100ནས་མི་རེར་སྒོར་40(བརྟག་དཔྱད་ཚུད་པ)བར་བཅག་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལེགས་སྒྲིག་བྱས་རྗེས་ཀྱི་རིན་གོང་ཟླ་1ཚེས་29ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། གཞུང་བཙུགས་སྨན་ཁང་ཁག་གིས་གྲོན་དངུལ་གྱི་ཚད་གཞི་དེ་ལག་བསྟར་ནན་པོ་བྱེད་དགོས་པ་མ་ཟད། གྲོན་དངུལ་བསྡུ་ཡུལ་དུ་གྲོན་བསྡུའི་རྣམ་གྲངས་དང་། ཚད་གཞི། གཞི་འཛིན་ས། ནང་དོན་སོགས་མངོན་གསལ་དོད་སར་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།