2020ལོར་རྒྱལ་ཡོངས་ཀྱི་དྲ་འཕྲིན་སྲིད་འཛིན་ཁྲིམས་འཛིན་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་བ།
དྲ་ཚིགས་4282ལ་ཁྲིམས་བཞིན་སྐོང་འདྲི་བྱས་པ།
སྤེལ་དུས 2021-02-07
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
གསར་འགོད་པར་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2020ལོར་རྒྱལ་ཡོངས་དྲ་འཕྲིན་ཁོངས་གཏོགས་ཀྱིས་དྲ་རྒྱར་ཁྲིམས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བར་མངོན་གསལ་དོད་པོའི་ཕན་འབྲས་ཐོབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་དྲ་འཕྲིན་ཁོངས་གཏོགས་ཀྱིས་ལོ་ཧྲིལ་པོར་དྲ་ཚིགས་4282ལ་ཁྲིམས་བཞིན་སྐོང་འདྲི་བྱས་པ་དང་། དྲ་ཚིགས་4551ལ་ཐ་ཚིག་བསྒྲགས་པ། དྲ་ཚིགས་1994གནས་སྐབས་སུ་རིམ་སྤོར་བྱེད་མཚམས་བཞག་པ། གློག་འཕྲིན་གཙོ་གཉེར་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་དྲ་ཚིགས་ཀྱི་ཆོག་འཐུས་སམ་ཡང་ན་ཐོ་འགོད་མེད་པར་བཟོས་པ་དང་ཁྲིམས་འགལ་དྲ་ཚིགས་18489ཡི་སྒོ་རྒྱག་ཏུ་བཅུག་པ། ཁྲིམས་འཛིན་ལས་ཁུངས་ལ་འབྲེལ་ཡོད་གྱོད་གཞིའི་ཁུངས་སྣེ་7550རྩིས་སྤྲོད་བཅས་བྱས་ཡོད། འབྲེལ་ཡོད་དྲ་ཚིགས་ཀྱིས་སྤྱོད་མཁན་གྱི་ཞབས་ཞུའི་གྲོས་མཐུན་གཞིར་བཟུང་རིགས་ཁག་གི་ཁྲིམས་འགལ་སྒྲིག་འགལ་གྱི་ཐོ་ཨང་ཚོགས་པ་སྤྱི་ཁྲི་15.8ཀྱི་སྒོ་རྒྱག་ཏུ་བཅུག་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རིམ་ཁག་དྲ་འཕྲིན་སྡེ་ཚན་གྱིས་2020ལོའི“དྭངས་གསལ”དང་། དྲ་རྒྱའི་ཐད་གཏོང་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག ན་སོ་དར་ལ་མ་བབས་པའི་མིའི་དབྱར་ཁའི་གུང་གསེང་གི་དྲ་རྒྱའི་ཁོར་ཡུག“དྭངས་གསལ”གྱི་ཆེད་དོན་བཅོས་སྒྲིག ཚོང་ལས་དྲ་ཚིགས་ལས་སྟེགས་དང“རང་སྨྱན་སྦྱོར”གྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག ལག་ཐོགས་ཁ་པར་གྱི་ལྟ་ཆས་གཙོ་བོའི་དྲ་རྒྱའི་ཁྱབ་སྤེལ་སྒྲིག་ལམ་ཟང་ཟིང་བཟོས་པའི་མངོན་གསལ་དོད་པོའི་གནད་དོན་གྱི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར། “རང་སྨྱན་སྦྱོར”གྱི་རྨང་གཞིའི་དོ་དམ་གྱི་ཆེད་དོན་བཅོས་སྐྱོང་། སྒུལ་བདེ་ཉེར་སྤྱོད་བྱ་རིམ་ཆ་འཕྲིན་གྱི་ནང་དོན་ཟང་ཟིང་གི་ཆེད་དོན་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པའི་ལས་སྟེགས་ཁག་གཅིག་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
གཞན་ཡང་། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཞིང་ཆེན་རིམ་པའི་དྲ་འཕྲིན་གཞུང་དོན་ཁང་ལ་མཛུབ་ཁྲིད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། འབྲེལ་ཡོད་དྲ་སྦྲེལ་གྱི་ཆ་འཕྲིན་ནང་དོན་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལས་ཚབས་ཆེན་འགལ་བའི་དྲ་ཚིགས་ལས་སྟེགས་ལ་ཁྲིམས་བཞིན་སྐོང་འདྲི་དང་། དུས་བཅད་དག་ཐེར། ཁྲོམ་རར་འདོན་མཚམས་འཇོག་པ། སྲིད་འཛིན་ཆད་གཅོད། ཡོངས་བསྒྲགས་དམར་འདོན་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲིམས་ལྟར་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། དྲ་ཚིགས་ལས་སྟེགས་ཁག་གཅིག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་སྣང་མེད་དུ་བཏང་སྟེ་དྲ་ཐོག་སློབ་ཚན་ལ་བརྟེན་ནས་དྲ་རྒྱའི་རོལ་རྩེད་དང་གྲོགས་པོ་སྒྲིག་པ་སོགས་སློབ་སྦྱོང་དང་འབྲེལ་བ་མེད་པའི་ཆ་འཕྲིན་ཁྱབ་གདལ་བཏང་བ་དང་ཐ་ན་ཆགས་སྲེད་དང་། གཏུམ་སྤྱོད། ཁ་བསླུས་སོགས་གནོད་ཡོད་ཆ་འཕྲིན་ཁྱབ་སྤེལ་བཏང་བའི་གནད་དོན་ལ་དམིགས་ནས། ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་གྱིས་ཁྲིམས་འཛིན་ཆད་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁྲིམས་འགལ་དྲ་ཚིགས་ཁག་གཅིག་ཁྲིམས་བཞིན་སྒོ་རྒྱག་ཏུ་བཅུག་པ་དང་། ཁྲིམས་འགལ་གྱི་སྒུལ་བདེའི་ཉེར་སྤྱོད་བྱ་རིམ་ཁག་གཅིག་མཚམས་འཇོག་ཏུ་བཅུག་པ་རེད། དེ་དང་ཆབས་ཅིག་འབྲེལ་ཡོད་ཁུངས་སྣེ་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།