ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་དེ་སྔའི་ཁྲུའུ་ཀྲང་གཞོན་པ་ཞིག…
སྤེལ་དུས 2021-03-29
ཡོང་ཁུངས། ཁྲིམས་གསལ་མེ་ལོང་།
རྩོམ་པ་པོ།
ཉེ་ཆར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དྲུང་ཡིག་ཁྲུའུ་ཡི་དེ་སྔའི་ཁྲུའུ་ཀྲང་གཞོན་པ་ཡིག་དཔར་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་དབྱི་ཧུའེ་ཡི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། དབྱི་ཧུའེ་ཡི་ཕུགས་བསམ་དང་དད་སེམས་ཉམས་ཤིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ་དང་། རྒྱུན་གཏན་གྱི་གུས་སྲོལ་ལས་མངོན་གསལ་དོད་པོས་བརྒལ་ནས་ལག་རྟགས་དང་འབུལ་རྟེན་བླངས་པ། དྲང་གཞག་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་བཟོ་སྲིད་པའི་གསོལ་སྟོན་དང་རོལ་རྩེད་ལ་ཞུགས་པ། ཁང་པའི་ཆ་འཕྲིན་ཇི་མ་ཇི་བཞིན་སྙན་སེང་མ་ཞུས་པ། རྐང་འཛིན་ཡོད་པའི་གནས་ཚུལ་རྐང་བཙུགས་ནས་གསང་བ། སྒྲིག་ཁྲིམས་དང་འགལ་ནས་ཚོང་བརྒྱབ་སྟེ་ཁེ་ལས་གཉེར་བ། བུད་མེད་གཞན་ལ་དངུལ་སྤྲད་ནས་ཚུལ་མིན་གྱི་འབྲེལ་བ་བཙུགས་པ། རྒྱས་སྤྲོས་དང་བག་མེད་ལོངས་སྤྱོད་ཀྱི་འཚོ་བར་ཞེན་ཆགས་པ། རྒྱལ་ཁབ་ཀྱི་ནོར་སྲིད་དངུལ་གཡོ་ལེན་བྱས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་གཞུང་དངུལ་ཧམ་ཟ་དང་གཞན་ལ་ཁེ་ཕན་རག་ཐབས་བྱས་ནས། ཁྲིམས་དང་མ་མཐུན་པའི་སྒོ་ནས་རྒྱུ་ནོར་བླངས་པ་བཅས་ཀྱི་གནས་ཚུལ་ཡོད་པ་རེད།
དབྱི་ཧུའེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་གི་ཆ་ནས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཡོད་པས། གོ་གནས་སྤྱད་ནས་ཁྲིམས་ལས་འགལ་བ་དང་ལྐོག་རྔན་བླངས་པའི་དོགས་པ་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་མཚམས་དང་ཚོད་མ་ཟིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱང་ངོ་ཚ་མ་ཤེས་པ་དང་རང་ཚོད་གཏན་ནས་མ་བྱས་སྟབས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབྱི་ཧུའེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་ལས་པའི་ལས་གནས་ནས་ཕྱིར་འབུད། སྒྲིག་འགལ་ཁྲིམས་འགལ་ངང་བླངས་པའི་ཐོབ་ཆ་ཚང་མ་གཞུང་བཞེས་གཏོང་བ། དེ་བས་ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་སུ་ཁྲིམས་བཞིན་ཞིབ་བཤེར་ཞུ་གཏུག་རྒྱག་པར་རྩིས་སྤྲོད་དགོས་པ་མ་ཟད། འབྲེལ་ཡོད་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་རྩིས་སྤྲོད་དགོས་པའི་ཐག་གཅོད་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།