ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་བརྒལ་བའི་མི10རྩད་ཆོད།
སྤེལ་དུས 2021-03-31
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཉེ་ཆར། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་དྲ་རྒྱ་དང་ཁུངས་སྣེ་ལ་རྩད་གཅོད་བྱས་པ་བརྒྱུད། སྒེར་འཁོར་སྐོར་བའི་བྱེས་བགྲོད་རུ་ཁག་ཅིག་གིས་ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་དུ་འགྲོ་བའི་འཆར་གཞི་བཟོ་བཞིན་པ་ཤེས། སྤྱི་བདེ་ཅུས་ཀྱིས་མྱུར་དུ་སྐོར་ཞིབ་རུ་ཁག་བཙུགས་པ་དང་སྲུང་སྐྱོབ་ཁུལ་དུ་ཕྱིན་ནས་སྐོར་ཞིབ་དང་ཞིབ་བཤེར་བྱས་པ་རེད།
ཟླ3པའི་ཚེས20ཉིན་གྱི་དགོང་མོར། སྐོར་ཞིབ་རུ་ཁག་གིས་རླངས་འཁོར་གྱི་རྗེས་ཤུལ་རྙེད་པ་དང་བསྟུད་མར་ཉིན2ལ་རྗེས་ཤུལ་དེད་རྗེས། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དང་ཞིན་ཅང་འབྲེལ་མཚམས་ནས་ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོབ་ཁུལ་བརྒལ་བའི་མི10དང་རླངས་འཁོར6རྩད་ཆོད།
ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་རབ་བྱུང་སྲུང་སྐྱོང་ཁུལ་ཡིན་ཞིང་། 2015ལོར་ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུས་ཀྱིས《ཨ་ཆེན་གངས་རྒྱབ་ས་ཁུལ་དུ་ཁྲིམས་འགལ་ངང་བགྲོད་སྐྱོད་བྱེད་མི་ཆོག་པའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཡོད་པ་དང། ཁྲིམས་འགལ་གྱི་བགྲོད་སྐྱོད་བྱ་འགུལ་གཅིག་ཀྱང་སྤེལ་མི་རུང་།
མིག་སྔར། གྱོད་དོན་དེ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ལ་སྤྲད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》ལྟར། མི་དེ་དག་ལ་སྐྱོན་བརྗོད་སློབ་གསོ་དང་མི་རེར་ཆད་པ་སྒོར3000རེ་བཅད་ཡོད་པ་རེད།
ཉེ་བའི་ལོ་འགའི་རིང་། ནུབ་རྒྱུད་དུ་སྒེར་འཁོར་སྐོར་ནས་ཡུལ་སྐོར་དུ་འགྲོ་མཁན་ཇེ་མང་དུ་ཕྱིན་ཡོད་པས། ང་ཚོས་གསལ་འདེབས་བྱ་རྒྱུ་ཞིག་ལ། ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོང་ཁུལ་དུ་བགྲོད་མི་རུང་། དེ་ནི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་ཡིན་ལ། ཡུལ་སྐོར་བ་རང་ཉིད་ཀྱི་མི་ལུས་བདེ་འཇགས་ལ་འགན་འཁུར་ཞིག་ཀྱང་ཡིན། །