ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ལས་ཐོག་རྨས་སྐྱོན་གཏན་འཁེལ་གྱི་འགྲོ་ལུགས་ཇི་ལྟར་གཉེར་དགོས་སམ།

སྤེལ་དུས 2023-06-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  རྩོམ་སྒྲིག་པའི་སྤྲགས་མཆན།
  ཁྲིམས་སྐྱོང་ལག་བསྟར་ནན་ཏན་བྱ་རྒྱུ་ནི་བོད་སྐྱོང་བ་དང་། བོད་བརྟན་ལྷིང་ཡོང་བ། བོད་དར་རྒྱས་ཡོང་བ་བཅས་ཀྱི་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་དང་། དུས་བབ་གསར་པའི་འོག་རྒྱ་ཆེའི་འཕྲིན་གྲོགས་རྣམས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་བཏང་སྟེ་སྒོ་ཀུན་ནས་ཁྲིམས་ལྟར་བོད་སྐྱོང་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱིས་ཁྲིམས་ལུགས་ལ་གཞི་ཚུགས་ནས་མང་ཚོགས་ལ་ཁ་ཕྱོགས་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འཕྲིན་སྤེལ་གྱི་རྩ་དོན་གཞིར་བཟུང་། སྐད་འཕྲིན་ཐོག《ཁྲིམས་ལྟར་བོད་སྐྱོང》ཞེས་པའི་ལེ་ཚན་གཏོད་རྒྱུ་ཡིན་ཞིང་། ལེ་ཚན་འདིར་གཙོ་བོ་ཁྲིམས་ལུགས་ཀྱི་ཤེས་བྱ་དང་། ཁྲིམས་ལུགས་སྐོར་གྱི་གསར་འགྱུར་སོགས་འགོད་རྒྱུ་ཡིན་པས་གཟིགས་པར་འཚལ།
  བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ནས་ལས་ཐོག་རྨས་སྐྱོན་བྱུང་ཚེ་མི་སྤྱོད་ཚན་པའམ་ཡང་ན་ལས་བཟོས(གཉེན་ཚན་དང་བཟོ་ཚོགས)སྤྱི་འདོམས་ས་ཁུལ་གྱི་སྡེ་ཁུལ་འགན་བཅོལ་སྲིད་འཛིན་སྡེ་ཚན་ལ་ལས་ཐོག་རྨས་སྐྱོན་གཏན་འཁེལ་གྱི་རེ་ཞུ་བྱེད་ཆོག བདག་སྤྲོད་ཆ་རྐྱེན་དང་མཐུན་པ་དང་དོ་དམ་ཁོངས་གཏོགས་ཀྱི་ཁྱབ་ཁོངས་སུ་ཚུད་ཚེ་རིམ་ཁག་སྤྱི་ཚོགས་འགན་བཅོལ་སྲིད་འཛིན་སྡེ་ཚན་གྱིས་རེ་ཞུ་དང་ལེན་བྱ་རྒྱུ་དང་། ལས་དོན་སྒྲུབ་མཁན་གྱིས་རེ་ཞུའི་ཡིག་ཆར་ཞིབ་བཤེར་དང་འབྱོར་ཡིག་ཐོ་འགོད་བྱེད་དགོས། གལ་སྲིད་རེ་ཞུའི་ཡིག་ཆ་ཆ་ཚང་པོ་མེད་པའམ་ཡང་ན་བླང་བྱ་དང་མ་མཐུན་ཚེ་ལས་དོན་མི་སྣས་རང་སར་རམ་ཡང་ན་ཉིན་15ཡི་ནང་ཚུན་དུ་རེ་ཞུ་མཁན་ལ་ཡིག་ཆ་ཆ་ཚང་ཁ་གསབ་བྱེད་དགོས་ལུགས་ཤོད་དགོས་པ་དང་། ཡིག་ཆ་ཆ་ཚང་ཁ་གསབ་བྱས་ནས་ཞིབ་བཤེར་ཐུབ་རྗེས་བདག་སྤྲོད་སྡེ་ཚན་གྱིས་ཐོག་མའི་ཞིབ་བཤེར་གྱི་བསམ་འཆར་འདོན་དགོས་ཤིང་། ཞིབ་བཤེར་བྱས་ནས་ཉིན་15ཡི་ནང་ཚུན་དུ་བདག་སྤྲོད་བརྡ་ཐོའི་ཡི་གེ་སྤྲོད་དགོས། བདག་སྤྲོད་བྱས་རྗེས་དོ་བདག་དང་། དཔང་མི། མི་སྤྱོད་ཚན་པ་བཅས་ལ་ཁྲིམས་ལྟར་བརྟག་དཔྱད་བྱ་རྒྱུ་དང་ཉིན་60ཡི་ནང་ཚུན་དུ་ལས་ཐོག་རྨས་སྐྱོན་གཏན་འཁེལ་ཐག་གཅོད་དམ་ཡང་ན་ལས་ཐོག་རྨས་སྐྱོན་མིན་པའི་གཏན་འཁེལ་བྱེད་དགོས། ལས་ཐོག་རྨས་སྐྱོན་གཏན་འཁེལ་བྱས་རྗེས་གཏན་འཁེལ་ཐག་གཅོད་ཡི་གེ་བཏོན་པ་ནས་བཟུང་པའི་ཉིན་20ཡི་ནང་ཚུན་དུ《ལས་ཐོག་རྨས་སྐྱོན་གཏན་འཁེལ་གྱི་ཐག་གཅོད་ཡི་གེ》ལས་ཐོག་རྨས་སྐྱོན་ལས་བཟོ(དེའི་ཐད་ཀའི་གཉེན་ཉེ)དང་མི་སྤྱོད་ཚན་པར་བསྐྱལ་ཏེ་ལས་ཐོག་རྨས་སྐྱོན་འགན་བཅོལ་ནང་ཞུགས་མཁན་ཡིན་ཕྱིན་སྤྱི་ཚོགས་འགན་བཅོལ་ལས་གཉེར་སྒྲིག་གཞིར་སྐྱེལ་དགོས། ལས་ཐོག་རྨས་སྐྱོན་གཏན་འཁེལ་བྱས་མེད་རིགས་ལ《ལས་ཐོག་རྨས་སྐྱོན་གཏན་འཁེལ་བྱས་མེད་པའི་ཐག་གཅོད་ཡི་གེ》སྤྲོད་དགོས། གལ་སྲིད་མཇུག་འབྲས་དེར་བསམ་འཆར་ཡོད་ཚེ་ཐག་གཅོད་ཡི་གེ་བསྐྱལ་བའི་ཉིན་ནས་བཟུང་གི་ཉིན་60ཡི་ནང་ཚུན་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་སྤྱོད་སྡེ་ཚན་ལ་སྲིད་འཛིན་བསྐྱར་གྲོས་བྱ་རྒྱུའི་རེ་བ་འདོན་པའམ་ཡང་ན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་དགོས་པའི་རེ་བ་འདོན་ཆོག
  མི་སྤྱོད་ཚན་པས་ལས་བཟོར་ལས་འཛོལ་གྱི་གནོད་འཚེ་ཕོག་པའམ་ཡང་ན་ལས་རིགས་ནད་གཞི་འགོག་བཅོས་ཁྲིམས་སྲོལ་གཞིར་བཟུང་། ལས་རིགས་ནད་གཞི་ཕོག་པའི་བརྟག་དཔྱད་གཏན་འཁེལ་བྱས་པ་ནས་བཟུང་གི་ཉིན་30ཡི་ནང་ས་ཁུལ་གྱི་སྤྱི་ཚོགས་འགན་བཅོལ་སྤྱི་འདོམས་བྱེད་མཁན་སྲིད་འཛིན་སྡེ་ཚན་ལ་ལས་ཐོག་རྨས་སྐྱོན་གཏན་འཁེལ་གྱི་རེ་ཞུ་འབུལ་ཆོག་པ་དང་། མི་སྤྱོད་ཚན་པས་ཉིན་30ཡི་ནང་ཚུན་དུ་རེ་ཞུ་བསྐྱལ་མེད་ན་ལས་ཐོག་རྨས་སྐྱོན་ཕོག་པའི་ལས་བཟོའམ་ཡང་ན་དེའི་ཐད་ཀའི་གཉེན་ཉེ་དང་བཟོ་ཚོགས་རྩ་འཛུགས་ཀྱིས་ལས་འཛོལ་གྱི་གནོད་འཚེ་ཕོག་པའི་ཉིན་ནམ་ཡང་ན་ལས་རིགས་ནད་གཞི་ཕོག་པའི་བརྟག་དཔྱད་གཏན་འཁེལ་བྱས་པའི་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་དུ་རེ་ཞུ་སྐྱེལ་ཆོག
  རེ་ཞུའི་དཔྱད་གཞིའི་གྲས་སུ་ཐོབ་ཐང་ལག་ཁྱེར་དང་། ལས་ཐོག་རྨས་སྐྱོན་གཏན་འཁེལ་གྱི་རེ་ཞུའི་རེའུ་མིག མི་སྤྱོད་ཚན་པའི་ལས་གཉེར་ལག་ཁྱེར་གྱི་པར་སློག་གམ་ཡང་ན་ལས་ཐོག་རྨས་སྐྱོན་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་བཏོན་པའི《ཞིབ་བཤེར་ཆོག་མཆན་སྤྲད་པའི་ཁེ་ལས་ཀྱི་གཞི་རྩའི་ཆ་འཕྲིན》དང་། མི་སྤྱོད་ཚན་པ་དང་ངལ་རྩོལ་འབྲེལ་བ(དོན་དངོས་ཀྱི་ངལ་རྩོལ་འབྲེལ་བ་ཚུད)ཡོད་པའི་དཔང་ཡིག ཐོག་མར་ནད་གཞི་བརྟག་དཔྱད་བྱེད་མཁན་སྨན་ཁང་གི་བརྟག་དཔྱད་བྱས་འབྲས་སམ་ཡང་ན་ལས་རིགས་ནད་གཞི་བརྟག་དཔྱད་བྱས་པའི་དཔང་ཡིག་བཅས་ཚུད་པ་དང་། དེ་མིན་གྱི་དམིགས་བསལ་གནས་ཚུལ་གཞན་འཕྲད་སྐབས་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་དང་གཏན་འབེབས་གཞིར་བཟུང་མཁོ་འདོན་བྱས་པའི་འབྲེལ་ཡོད་དཔང་རྟགས་སོགས་རིགས་6ཡོད།