དྲ་གྲགས་རྩེད་ཆས་འདི་རིགས་ཀྱིས་ནད་རིགས་སློང་སྲིད་པས་གཟབ་རོགས།
སྤེལ་དུས 2022-02-28
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཁྱེད་ཀྱིས་“གནོན་ཤུགས་སེལ་བྱེད་རྩེད་ཆས་”ཞེས་པ་ཐོས་མྱོང་ངམ། བཤད་པ་ལྟར་ན། རྩེད་ཆས་དེ་བཙིར་ན་གས་ཐོར་མི་འགྲོ་བ་དང་བརྡབ་ན་མི་ཆག་ཅིང་། ད་དུང་རང་དགར་དབྱིབས་དང་རྣམ་པ་སྣ་ཚོགས་སུ་བཙིར་ཐུབ་ལ། ན་གཞོན་ཚོ་དང་ཐ་ན་ལོ་ཆུང་གཞོན་ནུ་རྣམས་ཀྱིས་དགའ་མོས་བྱེད་པའི་དྲ་གྲགས་རྩེད་ཆས་ཤིག་ཡིན། འོ་ན་རྩེད་ཆས་དེ་དག་གིས་དངོས་གནས་སེམས་ཀྱི་གནོན་ཤུགས་སེལ་ཐུབ་བམ།
ཁྱེད་ཀྱིས་བཙིར་ཆོག་ལ་མཉེད་ཆོག བརྡབ་ཆོག ད་དུང་སྦྱར་ཡང་ཆོག དེ་དག་ནི་དྲ་གྲགས་གནོན་ཤུགས་སེལ་བྱེད་ཀྱི་རྩེད་ཆས་རེད། གསར་འགོད་པ་ཚོང་ཁང་མང་པོ་ཞིག་ཏུ་སོང་བར་ཚང་མའི་ནང་འཚོང་རྒྱུ་ཡོད་པ་མཐོང་། རིན་གོང་ནི་སྒོར་ཁ་ཤས་ནས་སྒོར་བཅུ་ཕྲག་བར་མི་འདྲ་བ་ཡོད། གནོན་ཤུགས་སེལ་བྱེད་རྩེད་ཆས་དེ་དག་ནི་རྣམ་པ་སྣ་ཚོགས་ཡོད་ཅིང་རྩེད་སྟངས་རྙོག་འཛིང་ཆེ། མིང་དུ་“སྦྱར་ཟླུམ་”ཟེར་བའི་རྩེད་ཆས་དེ་ད་དུང་སྤྱིན་ཐག་སྟེང་གི་སྦྱར་གཤིས་ལྡན་པའི་ངོས་དེ་མུ་མཐུད་དུ་འཐེན་ཏེ་སོར་རྩེར་དཀྲིས་ནས་ཟླུམ་པོར་བཟོ་དགོས། ཚོང་པས་གསར་འགོད་པར་“སྦྱར་ཟླུམ་”ཚུད་པའི་གནོན་ཤུགས་སེལ་བྱེད་རྩེད་ཆས་ཞེས་པ་དེ་དག་ཉོ་མཁན་གཙོ་བོ་ནི་ན་གཞོན་ཚོ་དང་བྱིས་པའི་ཚོགས་ཡིན་པ་བཤད་འདུག

ཁུན་མིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་དབང་རྩའི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀྲང་ཧུང་ལེན་གྱིས། ཁོང་གིས་བསམ་ན་གལ་ཏེ་རྩེད་ཆས་དེ་ཙམ་ཁོ་ནར་བརྟེན་ནས་སེམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཐབས་བྱེད་པ་ནི། རྩ་བའི་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་མིན། དུས་ཡུན་རིང་པོ་འགོར་ན་རྩེད་ཆས་དེ་རིགས་སེམས་ཀྱི་བརྟེན་ས་ཞིག་ཏུ་གྱུར་ཏེ་འབྲལ་མི་ཐབས་པར་ཆགས་སྲིད་པ་དང་། དེ་ལས་ལྡོག་སྟེ་དོན་དངོས་ཐོག་བློ་རྩེ་གཅིག་སྒྲིམ་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅེས་བཤད་ཡོད།
སྨན་པས་ངོ་སྤྲོད་བྱས་དོན། གནོན་ཤུགས་སེལ་བྱེད་རྩེད་ཆས་མང་ཆེ་བ་ནི་ལག་པ་དང་ཐད་ཀར་ཐུག་རེག་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་“སྦྱར་ཟླུམ་”ལྟ་བུ་རང་སྟེང་དུ་སྦྱར་གཤིས་ལྡན་པས། ཐལ་རྡུལ་དང་དངོས་རྫས་གཞན་འབྱར་སླ། ད་དུང་ལག་པའི་ནང་ཕར་བཙིར་ཚུར་བཙིར་བྱས་ན་འབུ་ཕྲ་སྐྱེས་པ་དང་། དུས་ཡུན་རིང་པོར་སྤྱད་ན་ནད་རིགས་འབྱུང་སླ་བ་ཡིན། གནོན་ཤུགས་སེལ་བར་ད་དུང་ཚན་རིག་གི་ཐབས་ལམ་ལ་བརྟེན་དགོས་ཞེས་བཤད་ཡོད།
ཁུན་མིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་དབང་རྩའི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀྲང་ཧུང་ལེན་གྱིས། ཁོང་ཚོས་ནམ་རྒྱུན་འགུལ་སྐྱོད་བྱས་ན་སྤྲོ་སྐྱོད་ཀྱི་རྒྱུ་འབྱུང་བ་ཡིན་ཟེར་གྱི་ཡོད། དོན་དངོས་ཐོག་སེམས་ཁྲལ་དང་དེ་བཞིན་གནོན་ཤུགས་ཞི་ལྷོད་དུ་གཏོང་བར་ནུས་པ་ལེགས་པོ་ལྡན་ཡོད། གལ་ཏེ་དུས་ཡུན་ཟླ་བ་གཉིས་ཡན་ལས་བརྒལ་ཞིང་སེམས་ཁམས་ལ་དངོས་གནས་ནད་རྟགས་ཐོན་ཚེ། སྐབས་དེ་དུས་རབ་བྱུང་ན་སྨན་པར་བསྟེན་དགོས་ཞེས་བཤད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།