ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

སང་ཉིན་ནས་གཏན་འབེབས་འདི་ཚོས་ང་ཚོའི་འཚོ་བར་ཤུཊ་རྐྱེན་ཐེབས་རྒྱུ།

སྤེལ་དུས 2023-09-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             སང་ཉིན་ནས་གཏན་འབེབས་འདི་ཚོས་ང་ཚོའི་འཚོ་བར་ཤུཊ་རྐྱེན་ཐེབས་རྒྱུ།

               རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པའི《 ཟས་རིགས་དང་མཛེས་འཆོས་བྱུག་རྫས་སོགས་ཚོང་ཟོག་ལ་ཚད་ལས་བརྒལ་བའི་ཐུམ་སྒྲིལ་རྒྱག་པར་ཚོད་འཛིན་བྱེད་པའི་བླང་བྱ》(GB23350---2021)ཞེས་པའི་བཙན་སྐུལ་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཟླ་9ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལ། ཟས་རིགས་31དང་མཛེས་འཆོས་བྱུག་རྫས་རིགས་16གི་ཐུམ་སྒྲིལ་བླང་བྱ་ཚད་ལྡན་དུ་བཏང་ཡོད། ཐུམ་སྒྲིལ་གྱི་བང་རིམ་གྱི་ངོས་ནས། འབྲུ་རིགས་དང་ལས་སྣོན་བྱས་པའི་དངོས་རྫས་ཀྱི་ཐུམ་སྒྲིལ་གྱི་བང་རིམ་པ་གསུམ་ལས་བརྒལ་མི་རུང་བ་དང་། ཚོང་ཟོག་གཞན་པའི་ཐུམ་སྒྲིལ་བང་རིམ་བཞི་ལས་བརྒལ་མི་རུང་།

                ཟླ་9བའི་ཚེས་1ཉིན་ནས་བཟུང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱ་རྒྱུ་རེད། གསར་སྐྲུན་དང་བཅོས་སྐྲུན། རྒྱས་སྐྲུན་བཅས་བྱས་པའི་སྡོད་ཁང་དང་སྡོད་ཁུལ། སྤྱི་པའི་བཟོ་སྐྲུན། སྤྱི་པའི་འདུ་གནས། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་བཀོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་སོགས་ནི་གེགས་མེད་སྒྲིག་བཀོད་ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་དང་མཐུན་དགོས་པ་དང་། རྒྱལ་ཁབ་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པར་གློག་སྐས་སམ་ཡང་ན་གེགས་མེད་སྒྲིག་བཀོད་གཞན་དག་བསྒར་ནས་དབང་པོ་སྐྱོན་ཅན་དང་རྒན་རྒོན་ལ་སྟབས་བདེ་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད། 

                 མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། མཚོ་བོད་ས་མཐོར་ཡུལ་སྐོར་བྱེད་པ་དང་རི་ཁུལ་དུ་ཕྱི་རོལ་ལུས་རྩལ་བྱེད་སྒོ་སྤེལ་རིང་འཚོ་བའི་གད་སྙིགས་གང་བྱུང་དུ་བསྐྱུར་བའི་རིགས་ཐོན་ཚེ་ཁོར་ཡུག་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གམ་ཡང་ན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་སྡེ་ཁག་ལ་བཅོས་སྒྲིག་བྱེད་འགན་དཀྲི་རྒྱུ་དང་། མི་སྒེར་ལ་སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེ་རིགས་ལ་སྒོར་ལྔ་བརྒྱ་ཡན་ནས་ཁྲི་གཅིག་མན་གྱི་དངུལ་ཆད་གཅོད་རྒྱུ། སྡེ་ཚན་ལ་སྒོར་ལྔ་ཁྲི་ཡན་ནས་ལྔ་འབུམ་མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་རེད།

 

                 《སྒེར་བསྡུས་མ་འཇོག་ཐེབས་རྩའི་ལྟ་སྐུལ་དོ་དམ་སྲོལ་ཡིག》ཅེས་པ་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་དང་། ཐོ་འགོད་སྙན་སེང་དང་མ་དངུལ་བསྡུ་རུབ། མ་འཇོག་འཁོར་རྒྱུག ཉེན་ཁའི་ལྟ་ཞིབ་ཚད་ལེན། ས་གནས་ས་ཐོག་ཏུ་ཞིབ་བཤེར་སོགས་ཀྱི་ཐད་ལས་གཏོད་མ་འཇོག་ཐེབས་རྩར་ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་དང་རང་གཅུན་དོ་དམ་བྱ་རྒྱུ་ཡིན་པ་དང་། ཡུན་རིང་མ་འཇོག་དང་རིན་ཐང་མ་འཇོག ཚན་རྩལ་གྲུབ་འབྲས་གལ་ཆེན་གཞན་སྒྱུར་བཅས་ཀྱི་ལས་གཏོད་མ་འཇོག་ཐེབས་རྩར་མ་འཇོག་ཕྱིར་འཐེན་སོགས་ཐད་ནས་སྟབས་བདེ་བསྐྲུན་རྒྱུ་རེད།

 

                    གསར་དུ་བཟོ་བཅོས་བརྒྱབ་པའི《བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྒྲུབ་པའི་གོ་རིམ་གཏན་འབེབས》ཞེས་པ་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། གཏན་འབེབས་ནང་རེ་འདུན་ཞུ་མཁན་གྱིས་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་སྐབས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དཔང་རྟགས་རེའུ་མིག་སོགས་ཀྱི་ནང་དོན་བསྐྱར་དུ་སྤྲོད་དགོས་ཀྱི་མེད། རེ་འདུན་ཞུ་མཁན་གྱིས་རྒྱུ་ཆ་ཆ་ཚང་འདོན་སྤྲོད་མ་བྱས་ན། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་རེ་འདུན་ཞུ་མཁན་ལ་ཁ་གསབ་བྱ་དགོས་པའི་ནང་དོན་ཚང་མ་ཐེངས་གཅིག་ལ་གསལ་བཤད་བྱ་དགོས་པ་ཁ་གསལ་བཟོས་ཡོད།

 

                   《མཛེས་འཆོས་བྱུག་རྫས་དྲ་ཐོག་ཚོང་གཉེར་བྱེད་པར་ལྟ་སྐུལ་དོ་དམ་བྱ་ཐབས》ཞེས་པ་ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། མཛེས་འཆོས་བྱུག་རྫས་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས་གཉེར་སྐྱོང་པས་ཁྲིམས་ལྟར་ལས་སྟེགས་ནང་གི་མཛེས་འཆོས་བྱུག་རྫས་གཉེར་སྐྱོང་དོ་དམ་གྱི་འགན་འཁྲི་འཁུར་དགོས་པ་དང་། མིང་དངོས་ཐོ་འགོད་དང་རྒྱུན་གཏན་གྱི་ཞིབ་བཤེར། ཁྲིམས་འགལ་བྱ་སྤྱོད་བཀག་འགོག་དང་སྙན་སེང་ཞུ་བ། ཞུ་གཏུག་ཐེར་འདོན། ཐག་གཅོད་སོགས་མཛེས་འཆོས་བྱུག་རྫས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་འབྲེལ་ནུས་ལྡན་ངང་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

 

                   《པེ་ཅིང་གྲོང་ཁྱེར་གྱི་སྡེ་ཚན་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲིའི་གཏན་འབེབས》ཞེས་པ་དེ་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  སྡེ་ཚན་གྱིས་ཐོག་ཁང་ནང་ཁུལ་དུ་སྒྲིག་འགལ་ངང་གློག་སྒུལ་རྐང་འཁོར་འཇོག་པའམ་ཡང་ན་གློག་སྒུལ་རྐང་འཁོར་ལ་གློག་གསོག་པའི་བྱ་སྤྱོད་བཀག་འགོག་བྱ་དགོས་པ་དང་། གོང་གསལ་བྱ་སྤྱོད་དག་བྱ་ཐབས་སྤྱད་ནས་བཀག་འགོག་བྱས་མེད་ན། མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། སྒོར་1000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་གཅོད་རྒྱུ་ཁ་གསལ་བཟོས་ཡོད།

                     གསར་དུ་བཟོ་བཅོས་བརྒྱབ་པའི《ཧྥུའུ་ཅན་ཞིང་ཆེན་གྱི་མེ་ཟོན་སྲོལ་ཡིག》ཅེས་པ་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། གློག་སྒུལ་རྐང་འཁོར་དང་གློག་སྒུལ་སྦག་སྦག་སྤྱི་པའི་སྒོ་རའི་ནང་དང་ཁ་འགྲེམ་བགྲོད་ལམ། བདེ་འཇགས་ཐོན་སྒོ། རྡོ་སྐས་བར། ས་འོག་རླངས་འཁོར་འཇོག་ས་བཅས་སུ་འཇོག་མི་ཆོག་པ་དང་། གློག་སྒུལ་རྐང་འཁོར་དང་གློག་སྒུལ་སྦག་སྦག་དང་དེའི་གློག་རྫས་ཁྱེར་ནས་གློག་སྐས་ནང་དུ་འཛུལ་མི་ཆོག་པ། གློག་སྐུད་དང་བསྒར་ཁུང་རང་ཉིད་ནས་བསྒར་ཏེ་གློག་སྒུལ་རྐང་འཁོར་དང་གློག་སྒུལ་སྦག་སྦག་གློག་སྒུལ་རླངས་འཁོར་བཅས་ལ་གློག་གསོག་རིགས་གཏན་འགོག་བྱ་རྒྱུ་རེད།

 

                    《སི་ཁྲོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་སྲོལ་ཡིག》ཅེས་པ་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། སྲོལ་ཡིག་ནང་ཕྱི་ནས་ཉོས་པའི་ཟས་རིགས་དག་ལ་ཁ་འཛར་རྒྱག་པའམ་ཡང་ན་ཐེངས་གཅིག་རང་བཞིན་གྱི་ཁ་འཛར་ཡོད་པའི་ཐུམ་སྒྲིལ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བཏུམ་དགོས། དྲ་བ་བརྒྱུད་ནས་སྤྱི་དམངས་ལ་ཟས་རིགས་ཉོ་འཚོང་གི་བྱེད་སྒོ་སྤེལ་སྐབས་དེ་གར་བཤམས་པའི་ཟས་རིགས་ནི་ཚོང་ཟོག་ངོ་མ་ཡིན་དགོས་པ་ལས་ཉ་ཉུང་མཉམ་བསྲེའི་བྱ་སྤྱོད་སྤེལ་མི་ཆོག་པའི་གཏན་འབེབས་བྱས་ཡོད།

 

                     《ཅང་སུའུ་ཞིང་ཆེན་གྱི་གཞི་རིམ་འཕྲོད་བསྟེན་སྲོལ་ཡིག》ཅེས་པ་ཟླ་9པའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། སྲོལ་ཡིག་ནང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་བསྡུ་ལེན་བྱེད་སྐབས་མིང་ཐོ་འགོད་པའི་ཆ་རྐྱེན་ལྷུག་ཏུ་གཏོང་བ་དང་། རྒྱུགས་ལེན་གྱི་བསྡུར་ཚད་དམའ་རུ་གཏོང་ཆོག་ལ་མི་སྣ་བསྡུ་བར་དཀའ་ངལ་ཡོད་པའི་ལས་གནས་སུ་རྒྱུགས་ལེན་གྱི་བསྡུར་ཚད་བཟོ་མི་དགོས་པ་སོགས་ཀྱི་ནང་དོན་ཁ་གསལ་བཏོན་ཡོད།

རྩོམ་སྒྲིག་པ།  མང་ག་མཚོ།